གནམ་གཤིས་འགྱུར་ལྡོག་གིས་བོད་མཐོ་སྒང་གི་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་འདུག
2017.09.14
བོད་ཤར་ཕྱོགས་ཀྱི་འབྲོག་སའི་ལུང་ཁུག་ས་ཁུལ་ཞིག་ཏུ་མེ་རི་ནས་རྡོ་ཞུལ་ཁོལ་མ་བབས་པ་ལྟ་བུའི་ས་རུད་དལ་བུར་རྒྱུག་བཞིན་ཡོད་པ་སྤྱི་ཚོགས་དྲ་ལམ་སྟེང་བརྙན་མཐོང་རྒྱུ་ཡོད་པ་དེ། གནམ་གཤིས་འགྱུར་ལྡོག་གིས་བོད་མཐོ་སྒང་ལ་དོ་ཕོགས་ཀྱི་ཤུགས་རྐྱེན་ཐེབས་བཞིན་པ་དང་། དེ་བཞིན་ས་མཐོའི་བོད་ཀྱི་རྩ་ས་བྱེ་ཐང་དུ་འགྱུར་ཞིང་། མཐོ་སྒང་བོད་ཀྱི་ཁོར་ཡུག་གྱི་གནས་སྟངས་ཇི་ཆགས་སོགས་ཀྱི་སྐོར་བློ་ཚབས་ཀྱི་གནས་ཚུལ་གླེང་སློང་བྱ་ཡུལ་ཞིག་ཏུ་གྱུར་འདུག
དེ་ཡང་ཚེས་༡༣ཉིན། རྒྱལ་ས་ཝ་ཤིང་ཀྲོན་ཏུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་སྤྱི་ཚོགས་དྲ་ལམ་གྱི་ངོ་དེབ་ཀྱི་བརྙན་ཐུང་ཞིག་ཕྱིར་བསྒྲགས་བྱས་པ་དང་སྦྲགས་གནས་ཚུལ་སྤེལ་བའི་ནང་། ཉེ་སྔོན་ཕྱི་ཟླ་༩་པའི་ཚེས་༧་ཉིན། ཡུལ་ཤུལ་ཁྲི་འདུ་རྗོང་རྫ་སྟོད་གྲོང་བརྡལ་འབྲི་སྨད་གྲོང་ཚོའི་འབྲོག་པ་གནས་སྡོད་བྱ་སའི་ལུང་ཁུག་ཞིག་ཏུ། བབས་ཆུ་རྒྱུག་པ་ནང་བཞིན་རི་ཉུལ་དེ་ས་རུད་དལ་བུར་བསྟུད་མར་རྒྱུག་བཞིན་ཡོད་པ་དང་། འབྲོག་པའི་ཁྱིམ་ཚང་གི་མི་རྣམས་བྱ་ཐབས་ལས་བྲལ་ཞིང་འཇིགས་སྐྲག་གི་གནས་སྟངས་འོག་ཡོད་པ་མཐོང་རྒྱུ་ཡོད་པ་རེད།
དེའི་ཐད་(National Geography)་འམ་རྒྱལ་ཡོངས་ས་གཤིས་དུས་དེབ་ཀྱི་ཡུལ་ཤུལ་ཁུལ་དུ་བྱུང་བའི་ས་རུད་ཀྱི་བརྙན་ཐུང་ལ་དཔྱད་པ་བྱས་པའི་ནང་། ནམ་རྒྱུན་གྱི་ས་རུད་ནི་དེ་མ་ཐག་དང་དུས་ཚོད་ཐུང་ངུའི་ནང་མཚམས་ཆད་ཀྱི་ཡོད་ཀྱང་ཡུལ་ཤུལ་གྱི་འབྲི་སྨད་གྲོང་ཚོའི་འབྲོག་པའི་ས་ཁུལ་དུ་བྱུང་བའི་ས་རུད་དེ་མེ་རིའི་རྡོ་ཞུན་རྒྱུག་པ་ནང་བཞིན་ས་རུད་དལ་པོ་དང་། རྒྱུག་ཚད་རྒྱུན་རིང་མཐོང་རྒྱུ་ཡོད་པ་གསུངས་འདུག་ལ་དེ་བཞིན་ས་རུད་སྐོར་ཉམས་ཞིབ་པ་Mike McKinnon ཞུ་བས། གོང་གསལ་ས་རུད་ནི་ ཧ་ཅང་དལ་ཞིང་ ནུས་ཤུགས་འགོག་ཐབས་མེད་པ་གང་ཞིག་ལ་དེས་ལམ་སེང་མིའི་ཚེ་སྲོག་ལ་གནོད་འཚེ་ཕོག་རྒྱུ་མིན་པའི་སྐོར་དཔྱད་པ་བྱས་འདུག
གོང་གསལ་ཡུལ་ཤུལ་འབྲི་སྨད་ཀྱི་འབྲོག་སའི་ཁུལ་དུ་བྱུང་བའི་ས་རུད་ཀྱི་ཐད་ཀར་རྒྱུ་མཚན་གང་ཡིན་གསལ་ཁ་མེད་ནའང་ཚན་རིག་པས། ས་རུད་ཀྱི་དོན་རྐྱེན་དེ་གོ་ལའི་གནམ་གཤིས་ཚ་དྲོད་ལ་བརྟེན་ནས་མཐོ་སྒང་བོད་ཀྱི་ས་ཆའི་ཆགས་བབས་བརྟན་པོ་མེད་པར་འགྱུར་བཞིན་ཡོད་པའི་ཚོད་དཔག་དང་། དམིགས་བསལ་ད་རེས་ཡུལ་ཤུལ་ཁུལ་འབྲོག་པའི་ས་ཁུལ་དུ་ས་རུད་ཀྱི་དོན་རྐྱེན་འདི་ནི་གནམ་གཤིས་ཚ་དྲོད་རྒྱས་པའི་ཤུགས་རྐྱེན་འོག་ཁུལ་དེའི་ནང་Permafrost་འམ་གཏན་འཇགས་འཁྱགས་རོམ་གྱི་ཞུར་ཚད་མཐོ་རུ་འགྲོ་བཞིན་པའི་གནད་དོན་ལ་ཐུག་གི་ཡོད་པའང་འགྲེལ་བརྗོད་བྱེད་བཞིན་ཡོད་པ་རེད།
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།