བོད་ནས་འབྱོར་བའི་ཁྱིམ་ཚང་དཀའ་ངལ་ཅན་ཚོར་ཁང་ས་སྤྲོད་རྒྱུ།
2015.01.29
བོད་མིའི་སྒྲིག་འཛུགས་ཀྱིས་བོད་ནས་བྲོས་བྱོལ་ལ་འབྱོར་དཀའ་ངལ་ཅན་གྱི་ཁྱིམ་ཚང་ཁག་ལ་སྡོད་གནས་ས་ཆ་བགོ་བཤའ་རྒྱག་རྒྱུ་ཡིན་འདུག
དེ་ཡང་གནས་ཚུལ་ལྟར་ན། འདས་པའི་ལོའི་ནང་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱིས་སྦིར་ནང་ཆེན་གཞིས་ཆགས་སུ། བོད་ནས་བྲོས་བྱོལ་སྐྱབས་བཅོལ་ལ་འབྱོར་མཁན་སྡོད་གནས་དཀའ་ངལ་ཅན་ཚོར་དམིགས་ཏེ་ཧིན་སྒོར་འབུམ་༡༢༥་ཙམ་གྱིས་ས་ཆ་ཉོ་སྒྲུབ་བྱས་ཡོད་པ་ལྟར། མི་འགྱངས་བར་ས་ཆ་དེ་དག་ཁྱིམ་ཚང་༧༢་ལྷག་ལ་ས་ཆ་བགོ་འགྲེམས་གནང་བ་དང་། ནང་སྲིད་ལས་ཁུངས་ཀྱི་རོགས་རམ་འོག་སྒེར་སོ་སོ་ནས་ས་ཁྱོན་ལ་གཞིགས་པའི་ཁང་པ་གསར་རྒྱག་བྱེད་འཆར་ཡོད་པ་དང་། གནས་ཚུལ་དེའི་ནང་། བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་དྲུང་ཆེ་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་ལགས་ཀྱིས་གསུངས་པ་ལྟར་ན། བོད་ནས་གསར་དུ་འབྱོར་བ་ཚོར་སྤྱི་ཡོངས་ནས་སྡོད་སའི་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་པ་ལྟར། དེ་སྔོན་སྲིད་སྐྱོང་མཆོག་རྒྱ་གར་བྱང་ཤར་ཁུལ་དུ་ཕེབས་སྐབས་སྦིར་ཁུལ་གྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་༧༢་ཙམ་གྱིས་ཁོང་ཚོའི་བདེ་སྡུག་ཞུས་འདུག་ལ་དེ་བཞིན་ནང་སྲིད་བཀའ་བློན་མཆོག་ལའང་སྔ་རྗེས་སུ་བདེ་སྡུག་ཐེངས་མང་ཞུས་ཡོད་རེད།
གཞུང་གི་དགོངས་པའི་ནང་སྦིར་ཙམ་མ་ཡིན་པར་བོད་ནས་འབྱོར་བའི་འགྲོ་ས་སྡོད་ས་མེད་མཁན་ཚང་མར་གཟིགས་རྟོགས་གནང་རྒྱུའི་འཆར་གཞི་ཡོད་ཀྱང་འཆར་གཞི་དེ་ག་ཚོད་ལག་ལེན་བསྟར་ཐུབ་མིན་དངུལ་ལ་ཐུག་ཡོད་སྟབས། ད་ལྟའི་བར་དངུལ་གྱི་མཐུན་རྐྱེན་མ་ཚང་བ་དང་ས་ཆ་མ་རག་པར་ལྷག་པ་རེད། ན་ནིང་ང་ཚོས་ཁྱོན་ཧིན་སྒོར་འབུམ་༡༢༥་ཙམ་སྤྲད་དེ་ས་ཆ་ཨེ་ཀ་༢་ཙམ་ཉོི་སྒྲུབ་ཐུབ་པའི་སྐོར་སོགས་གསུངས་པ་ལུང་འདྲེན་བྱས་འདུག
གཞན་ཡང་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཉེ་འཁྲིས་ཀྱི་ལག་རྩེད་སྤོ་ལོའི་ཐང་དུ་ཆབ་སྲིད་བཙོན་ཟུར་ཚོར་སྡོད་ཁང་རྒྱག་བཞིན་པ་འདི་ལོི་ཕྱི་ཟླ ༩་ཙམ་ནང་འགྲུབ་འཆར་ཡོད་པ་ཡང་གསལ་འདུག
གསར་འགོད་པ་འཇམ་དཔལ་ཕུན་ཚོགས།