རྒྱ་ནག་གཞུང་གིས་བོད་ཀྱི་བླ་སྤྲུལ་ཚོར་ཚན་རིག་སློབ་ཁྲིད་ཟེར་བ་ཞིག་ལག་བསྟར་བྱེད་བཞིན་པ་དེ་༧གོང་ས་མཆོག་གི་ཤུགས་རྐྱེན་ཡིན་པ་ཆེད་མཁས་པས་གསུང་གི་འདུག

འདས་པའི་ལོ་ཤས་ནས་བཟུང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་འོག་བཙན་བྱོལ་བོད་མིའི་དགོན་སྡེ་ཁག་ནང་ཚན་རིག་སློབ་ཁྲིད་གསར་འཛུགས་དང་། དེ་བཞིན་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་དང་སི་ཤེས་ཡོན་སློབ་གསོ་ལག་བསྟར་བཅས་འཛམ་གླིང་སྤྱི་ཡོངས་ནས་ངོས་ལེན་ཐོབ་པ་ཞིག་བྱུང་ཡོད་པ་བཞིན། ཕྱི་ལོ་༢༠༢༡ལོའི་ཕྱི་ཟླ༡༢ཚེས་༡༧ཉིན་བོད་རང་སྐྱོང་ལྗོངས་འབྲེལ་ཡོད་ཚན་པས་སྤྲུལ་ལོ་ཆུང་ཚོར་ཆེད་དམིགས་ཚན་རིག་སློབ་སྦྱོང་སྤྲོད་བཞིན་ཡོད་པའི་ལས་གཞི་ཞིག་འགྲོ་བཞིན་ཡོད་པ་དང་། བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དང་སི་ཤེས་ཡོན་སློབ་གསོ་སློབ་ཁྲིད་གནང་མཁན་དགེ་བཤེས་ལྷག་རྡོར་ལགས་ནས། གནད་དོན་དེ་ནི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལོ་མང་རིང་ནས་བོད་ཀྱི་ཆོས་བརྒྱུད་སོ་སོའི་དགོན་སྡེ་ཁག་ནང་དེང་རབས་ཚན་རིག་སློབ་ཁྲིད་དགོས་སྐོར་གསུང་བས་ཤུགས་རྐྱེན་སྤྲད་པ་ཞིག་ཏན་ཏན་ཡིན་སྐོར་གསུང་སོང་།
རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༡༥ལོ་ནས་འགོ་འཛུགས་ཀྱིས་བོད་རང་སྐྱོང་ལྗོངས་ནང་བསྟན་སློབ་གླིང་དུ་ལོ་ན་༡༦མན་གྱི་ལོ་ཆུང་སྤྲུལ་སྐུ་གསོ་སྐྱོང་གི་འཛིན་གྲྭ་ཞེས། བོད་ཀྱི་སྤྲུལ་སྐུ་ལོ་ཆུང་ཚོར་ཆེད་དམིགས་ནང་ཆོས་མ་ཡིན་པའི་རྒྱ་ནག་གི་ཆབ་སྲིད་སློབ་གསོ་དང་དེང་རབས་སློབ་གསོ་ཚན་རིག་ཞེས་པ་སོགས་སློབ་ཁྲིད་བྱེད་བཞིན་ཡོད་པ་དང་། བཞུགས་སྒར་དུ་གནས་སྡོད་རྒན་བེ་རི་བསོད་ནམས་དབང་ཕྱུག་ལགས་ནས། སྤྱིར་བླ་སྤྲུལ་ཚོར་ཚན་རིག་སློབ་ཁྲིད་གནང་བཞིན་པ་ཡག་པོ་ཡིན་ན་ཡང་། རྒྱ་ནག་གཞུང་གིས་དེ་ལྟར་བྱེད་བཞིན་པའི་དམིགས་ཡུལ་གཙོ་བོ་བླ་སྤྲུལ་ལོ་ཆུང་ཚོར་རིམ་པས་ཆོས་ལ་དད་མོས་མེད་པ་བཟོ་ཐབས་དང་།ཡང་ན་རྗེས་སུ་གུང་ཁྲན་ཏང་གིས་ཆབ་སྲིད་ཁྲོད་བེད་སྤྱོད་གཏོང་རྒྱུ་ཡིན་པའི་དམིགས་ཡུལ་ལ་མུ་མཐུད་དཔྱད་ཞིབ་དགོས་པ་ཞིག་ཡིན་སྐོར་གསུངས་སོང་།
རྒྱ་ནག་གཞུང་གིས་ཆེད་དམིགས་བོད་ནང་གི་བླ་སྤྲུལ་ཚོར་དེང་རབས་སློབ་གསོ་ཟེར་བའི་ལས་གཞིའི་འོག་ནས་ཚན་རིག་སློབ་ཁྲིད་བྱེད་བཞིན་ཡོད་པ་ལྟར། ཐེངས་འདིར་རྒྱ་ནག་གཞུང་གིས་སྤྲུལ་སྐུ་ལོ་ཆུང་ཚོར་ཚན་རིག་སློབ་གསོ་སྤྲོད་དགོས་པའི་དམིགས་ཡུལ་ནི། སྤྲུལ་སྐུ་ཚོར་དཔེ་དེབ་ཕུད་པའི་ཤེས་བྱ་སློབ་སྦྱོང་དང་ཉམས་ལེན་བྱས་ནས་ཁོང་ཚོའི་སློབ་སྦྱོང་གི་སྤྲོ་སེམས་འཕེལ་ཆེད་ཡིན་སྐོར་བརྗོད་ཡོད་ན་ཡང་། དགེ་བཤེས་ལྷག་རྡོར་ལགས་ནས་རྒྱ་ནག་གཞུང་གིས་ནམ་རྒྱུན་ཚན་རིག་ཟེར་དུས་དེང་རབས་ཀྱི་ཕྱིའི་དངོས་པོ་ཁོ་ན་ཡར་རྒྱས་བཏང་སྟེ། དེ་དག་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་འཇིགས་སྣང་སྐུལ་ཐབས་དང་། དེ་བཞིན་རང་གི་མི་སེར་ཐོག་བེད་སྤྱོད་ཀྱིས་རང་དབང་འཕྲོག་ཐབས་ཁོ་ན་ཞིག་ལས། ཚན་རིག་སློབ་ཁྲིད་ཞེས་དམིགས་ཡུལ་རྒྱ་ཆེན་པོ་ཞིག་གང་ཡང་མེད་སྐོར་གསུང་སོང་།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་བཞིན། བཙན་བྱོལ་ནང་ཡོད་པའི་གདན་ས་སེར་འབྲས་དགེ་གསུམ་གཙོས་དགོན་སྡེ་ཁག་ནང་། ཕྱི་ལོ་༢༠༠༠ལོ་ནས་འགོ་འཛུགས་ཀྱིས་ཚན་རིག་དང་གློག་ཀླད་སོགས་དེང་རབས་ཤེས་བྱ་ཁག་སློབ་ཁྲིད་གནང་འགོ་ཚུགས་ཡོད་པ་རེད་ལ། ད་ལྟའི་ཆར་དགོན་པ་ཁག་གི་སློབ་གྲྭ་གཙོས་བཙན་བྱོལ་བོད་མིའི་སློབ་གྲྭ་སྤྱི་ཡོངས་ནང་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་སློབ་ཚན་དང་། དེ་བཞིན་སི་ཤེས་ཡོན་སློབ་གསོ་སོགས་སྤྲོད་བཞིན་ཡོད་ན་ཡང་། རྒྱ་ནག་གཞུང་གིས་རྒྱལ་ཁབ་ཁ་བྲལ་ཞེས་བོད་ནང་གི་བོད་མི་ཚོར་༧གོང་ས་མཆོག་དང་བཙན་བྱོལ་བོད་མི་ཚོའི་ཤུགས་རྐྱེན་ཡོང་རྒྱུའི་ཐད་ཡིད་གཟབ་འབྲེལ་འདྲིས་བྱེད་པར་དམ་དྲག་ཤུགས་ཆེར་བྱེད་བཞིན་ཡོད་པ་རེད།
རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་དུ་བླ་སྤྲུལ་ལོ་ཆུང་ཚོར་ཆེད་དམིགས་སྤྲུལ་སྐུ་གསོ་སྐྱོང་འཛིན་གྲྭ་ཞེས། སྤྲུལ་སྐུ་ཚོར་དགོན་སྡེའི་ཆོས་རྭའི་རྣམ་པ་དང་དེང་རབས་སློབ་གསོ་ཟུང་དུ་འབྲེལ་བའི་གསོ་སྐྱོང་བྱེད་སྟངས་ཤིག་ཡིན་སྐོར་བརྗོད་ཡོད་ན་ཡང་། ཕྱི་ལོ་༢༠༡༧ལོར་སྤྲུལ་སྐུ་ལོ་ཆུང་མཐར་ཕྱིན་མཛད་སྒོ་ཞེས་པའི་སྟེང་སྤྲུལ་སྐུ་ལོ་གཞོན་ཚོས། སློབ་སྦྱོང་ལ་འབད་བརྩོན་གྱིས་བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་པ་བཅས་བྱས་ཏེ་དུས་རབས་གསར་པའི་ཕུལ་བྱུང་གི་སྤྲུལ་སྐུ་ཞིག་ཆགས་རྒྱུའི་ཆེད་ཡིན་པ་རྒྱ་ནག་གསར་ལམ་ཁག་ཏུ་སྤེལ་ཡོད་པ་རེད།
གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།