བླ་བྲང་བཀྲ་ཤིས་འཁྱིལ་གྱི་གླུད་རྫོང་སྐབས་རྒྱ་ནག་གིས་དམ་བསྒྲགས།
2015.03.27
ས་གནས་རྒྱ་གཞུང་གི་ལས་བྱེད་དང་ཉེན་རྟོག་མི་སྣས་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གླུད་རྫོང་སྐབས་དམ་བསྒྲགས་བྱས་འདུག
དེ་ཡང་རྒྱ་ནག་གཞུང་གིས་དབྱེ་བའི་ཀན་སུའུ་ཞིང་ཆེན་གྱི་བླ་བྲང་བཀྲིས་འཁྱིལ་དགོན་པའི་ལོ་འཁོར་ཞབས་རིམ་གླུད་རྗོང་ཀྱི་ཉིན་མོར། ས་གནས་རྒྱ་གཞུང་གི་ལས་བྱེད་དང་ཉེན་རྟོག་མི་སྣས་དམ་བསྒྲགས་དང་། དོགས་ཟོན་ནན་པོ་བྱས་ནས་ཆོས་མཇལ་དུ་ཡོང་མཁན་མི་མང་རྣམས་ལ་དམ་བསྒྲགས་བཀག་འགོག་བྱས་ཡོད་པ་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་གྱིས་གནས་ཚུལ་བཏང་ཡོད། གནས་ཚུལ་ནང་བོད་མི་ཞིག་གིས། ལོ་གསར་རྗེས་བོད་ཟླ་༢པའི་ཚེས་༡ནས་བཟུང་། བླ་བྲང་བཀྲིས་འཁྱིལ་དགོན་པས་སྨོན་ལམ་གསོག་སྒྲུབ་ལ་སོགས་པའི་ལོ་འཁོར་ཞབས་རིམ་སྒྲུབ་བཞིན་ཡོད་པ་དང་། གླུད་རྫོང་གི་ཀྱི་ཉིན་མོར་ས་གནས་ཀྱི་བོད་མི་རྣམས་དགོན་པར་ཆོས་མཇལ་དུ་བསྐྱོད་སྲོལ་ཡོད་པ་བཞིན་འདི་ལོ་ཡང་ཕྱི་ཟླ་༣པའི་ཚེས་༢༦དང་། བོད་ཟླ་༢པའི་ཚེས་༩གླུད་རྫོང་གི་ཉིན་མོར་མི་མང་འཕོན་ཆེ་འདུ་འཛོམས་བྱས་འདུག་པ་དང་། སྐབས་དེར་ས་གནས་ཉེན་རྟོག་པ་དང་དམག་མི་སླེབས་ཏེ་མི་མང་འགྲོ་སྐྱོད་བྱ་སའི་ས་ཚིགས་ཁག་ལ་བཀག་བསྡོམས་སོགས་དམ་བསྒྲགས་ནན་པོ་བྱེད་བཞིན་ཡོད་པ་བརྗོད་འདུག གནས་ཚུལ་འབྱུང་ཁུངས་ཀྱིས་གསུངས་ན། དམག་མིས་སྣུམ་འཁོར་མང་པོ་འབྱོར་བ་དང་། དུག་རླངས་གཏོར་ཆེད་དང་། མེ་གསོད་འཕྲུལ་ཆས། དེ་བཞིན་ཁ་པར་ཐོག་ཚོད་འཛིན་གྱི་འཕྲུལ་ཆས་སོགས་ཕྱོགས་གང་སར་འགྲེམས་འཇོག་བྱས་ཡོད་པ་མ་ཟད། དྲག་ཆས་གྱོན་པ་དང་། དྲག་ཆས་མ་གྱོན་པའི་རྒྱ་གཞུང་གི་ཉེན་རྟོག་ལས་བྱེད་དང་དམག་མི་མང་པོ་མི་མང་འདུ་འཛོམས་སར་འགྲེམས་འཇོག་བྱས་ཡོད་ཚུལ་དང་། ད་དུང་ཉེན་རྟོག་པ་མང་པོ་ཡོད་པའི་རླངས་འཁོར་གསུམ་ཙམ་གྱིས་དགོན་པའི་གཡས་གཡོན་དང་། དེ་བཞིན་གཞུང་ལམ་ཁག་ལ་སྐོར་བསྐྱོད་བྱས་ཞིང་། མང་ཚོགས་ལ་སྡིག་ར་སྐུལ་བ་དང་སུན་གཙེར་བཟོ་བ། དེ་བཞིན་དགོན་པའི་ཉེ་འགྲམ་དུ་ཆགས་པའི་བསང་ཆུ་རྫོང་གི་གཞུང་ལམ་གཡས་གཡོན་དུ་རྟོག་ཞིབ་དོ་དམ་ཤུགས་ཆེ་བྱེད་པ་མ་ཟད། མི་ཚོགས་ཁྲོད་ཁ་པར་གྱི་པར་ལེན་བྱ་མཁན་ཚོ་ལ་དྲག་ཆས་དམག་མིས་པར་ལེན་བྱེད་མི་ཆོག་པའི་ཉེན་བརྡ་དང་འབྲེལ་ཁ་པར་བསྡུ་ལེན་བྱས་པའི་གནས་ཚུལ་འགྲེལ་བརྗོད་གནང་འདུག
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།