༸སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་རིན་པོ་ཆེ་མཆོག་ནས་ཆོས་ལུགས་མཐུན་སྒྲིལ་གྱི་བགྲོ་གླེང་ཐོག་ཆེད་བཅར།

2024.12.06
༸སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་རིན་པོ་ཆེ་མཆོག་ནས་ཆོས་ལུགས་མཐུན་སྒྲིལ་གྱི་བགྲོ་གླེང་ཐོག་ཆེད་བཅར། ཀུན་བདེ་གླིང་རིན་པོ་ཆེ་མཆོག་དང་ཡེ་ཤུའི་དབུ་འཁྲིད་བླ་ཆེན་པོབ་ཕརེན་སིས་མཆོག ༢༠༢༤།༡༢།༣༠ ཉིན།
Kundheling Rinpoche FB

ཟླ་ ༡༡ ཚེས་ ༢༩ དང་ ༣༠ བཅས་ཉིན་གཉིས་རིང་ཧིན་དྷུའི་བླ་ཆེན་ཤྲི་ནཱ་ར་ཡ་ན་གུ་རུའི་ཐེབས་རྩ་དང་། ཨི་ཊ་ལིའི་ཡེ་ཤུའི་ལྟེ་གནས་ཀྱི་ཆོས་ལུགས་བགྲོ་གླེང་ལྷན་ཁང་ཐུན་མོང་གིས་གོ་སྒྲིག་འོག ཡོ་རོབ་རྒྱལ་ཁབ་ཨི་ཊ་ལིའི་ལྦེ་ཏི་ཀན་དུ་ཆོས་ལུགས་འདྲ་མིན་གྱི་བླ་ཆེན་རྣམ་པ་དང་དཔོན་རིགས་ཁག  དེ་བཞིན་འཛམ་གླིང་གི་ཡུལ་གྲུ་དུ་མ་ནས་རྒྱ་གར་གྱི་མཁས་དབང་ཁག་མཉམ་ཞུགས་ཀྱིས། ཆོས་ལུགས་མཐུན་སྒྲིལ་གྱི་ལྷན་ཚོགས་ཤིག་བསྐྱངས་ཡོད་པའི་ཐོག ༸སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་དཔལ་བཟང་པོ་མཆོག་ནང་པའི་སྐུ་ཚབ་ཏུ་གདན་ཞུ་ལྟར་ཆེད་ཕེབས་གནང་ཡོད་ཅིང་། ལྷན་ཚོགས་དེའི་ཐོག་བཅར་དགོས་དོན་ནི། རིན་པོ་ཆེ་མཆོག་ནས་དུས་རྒྱུན་དུ་༸གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིའི་ནང་ནས་ཆོས་ལུགས་མཐུན་སྒྲིལ་ལ་ཤིན་ཏུ་གལ་འགངས་ཆེན་པོར་ངོས་འཛིན་གནང་གི་ཡོད་པ་བཞིན། ཐེངས་འདིར་བགྲོ་གླེང་གོ་སྒྲིག་གནང་མཁན་ངོས་ནས་གལ་ཆེན་པོ་ཞིག་ལ་ངོས་འཛིན་གྱིས་གདན་ཞུས་གནང་བ་ལྟར་བཅར་བ་ཡིན་ཞེས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

མ་ཟད་ཀུན་བདེ་གླིང་རིན་པོ་ཆེ་མཆོག་གིས། ཁོང་ནས་བགྲོ་གླེང་དེའི་ཐོག་ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་དགོས་གལ་ཆེ་བ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་དགོངས་སྐོར་ངོ་སྤྲོད་དང་ཆབས་ཅིག ཆོས་ལུགས་ཁག་གི་ནུས་པ་མཉམ་སྤུངས་ཀྱིས་ད་ལྟའི་འཛམ་གླིང་ནང་གི་དཀའ་སྡུག་སྣ་མང་རྣམས་སེལ་ཐབས་དང་ཆོས་ལུགས་མཐུན་སྒྲིལ་དམ་ཟབ་སྒོ་ནས་འཛམ་གླིང་ཞི་བདེ་ཡོང་ཐབས། དེ་བཞིན་གཞོན་སྐྱེས་མི་རབས་གསར་པ་ཚོས་འཛམ་གླིང་ལ་ལེགས་སྐྱེས་འབུལ་ཐུབ་པར་བཟང་པོའི་ལམ་སྟོན་གནང་རྒྱུ་ནི་གལ་ཆེ་ཡིན་སྐོར་གསུང་བཤད་གནང་ཡོད་པ་འདི་ག་རླུང་འཕྲིན་ཁང་ལ་གསུངས་བྱུང་།

གཞན་ཡང་བགྲོ་གླེང་ཚོགས་འདུ་དེའི་ཐོག་ཆེད་ཕེབས་གནང་བའི་ཡེ་ཤུའི་དབུ་འཁྲིད་བླ་ཆེན་པོབ་ཕརེན་སིས་མཆོག་ནས་ཀྱང་ཆོས་ལུགས་མཐུན་སྒྲིལ་གྱི་བགྲོ་གླེང་འདི་ལྟར་ཚོགས་པར་བསྔགས་བརྗོད་དང་། དེང་དུས་འཛམ་གླིང་ནང་དཀའ་ངལ་མང་པོ་བྱུང་བ་ནི་སྤྱི་ཚོགས་ཁྱོན་ཡོངས་ནས་ཆོས་ལུགས་ཁག་གི་བཟང་པོའི་བསླབ་བྱ་རྣམས་ཡང་དག་པར་ལག་བསྟར་མ་ཐུབ་པར་བརྟེན་བྱུང་བ་ཡིན་པས། མ་འོངས་ཆོས་ལུགས་ཁག་གི་བཟང་པོའི་བསླབ་བྱ་ལག་བསྟར་དགོས་གལ་ཆེ་ཞིང་ཆོས་ལུགས་ཁག་འཆམ་མཐུན་གྱི་སྒོ་ནས་འཛམ་གླིང་ལ་ལེགས་སྐྱེས་འབུལ་ཐུབ་པ་དགོས་རྒྱུ་ནི་གལ་ཆེན་ཡིན་ཞེས་གསུངས་གནང་ཡོད་པ་རེད་འདུག

རྩ་བའི་ཐེངས་འདིར་འཚོགས་པའི་ཆོས་ལུགས་མཐུན་སྒྲིལ་གྱི་བགྲོ་གླེང་དེའི་དགོས་པ་གཙོ་བོ་ནི། དེང་སྐབས་ཀྱི་འཛམ་གླིང་ནང་དཀའ་ངལ་སྣ་མང་ཞིག་འཕྲད་བཞིན་པའི་ཁྲོད་གཙོ་བོ་དམག་འཁྲུག་ལ་སོགས་པ་མིས་བཟོས་པའི་དཀའ་ངལ་མང་དག་ཅིག་སེལ་ཐབས་འཚོལ་རྒྱུ་དེ་ཡིན་འདུག་ཅིང་། ཐེངས་འདིའི་བགྲོ་གླེང་གོ་སྒྲིག་གནང་མཁན་རྣམས་ནས་༸སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་རིན་པོ་ཆེ་མཆོག་ལ་ཕྱི་ལོ་ ༢༠༢༥ ལོར་དབྱིན་ཡུལ་དུ་འཚོག་འཆར་ཡོད་པའི་ཆོས་ལུགས་ལྷན་ཚོགས་ཤིག་གི་ཐོག་ངེས་ཕེབས་ཡོང་བའི་རེ་སྐུལ་ཞུས་ཡོད་པ་རེད་འདུག

གསར་འགོད་པ། ཚེ་རིང་རྣམ་རྒྱལ།

རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།



བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎