ལྷོ་ཀོ་རི་ཡའི་ནང་པས་བོད་མིར་གདུང་སེམས་མཉམ་སྐྱེད་གནང་བ།
2011.12.04
༄༅༎ལྷོ་ཀོ་རིའི་ནང་པའི་དགེ་འདུན་པ་རྣམས་ཀྱིས་བར་ལམ་བོད་ནང་་རང་ལུས་མེ་བསྲེགས་གྱི་དོན་རྐྱེན་ལ་གདུང་སེམས་མཉམ་བསྐྱེད་གནང་ཡོད་འདུག
འདི་ཚེས་གསུམ་རེས་གཟའ་སྤེན་པའི་ཉིན་ཀོ་རི་ཡའི་ནང་པའི་ཆོས་ཚོགས་ཇོག་གེ་(Jogye)ཞེས་པས་རྒྱ་ནག་གཞུང་གི་གདུག་རྩུབ་དྲག་གནོན་གྱི་སྲིད་བྱུས་ལ་ངོ་རྒོལ་ཆེད་ཉེ་ལམ་བོད་མི་ཚོས་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་ཐོན་པར་བློ་འཚབ་ཐོག་གདུང་སེམས་མཉམ་བསྐྱེད་གྱི་ཞུ་སྙན་ཞིག་ཕུལ་ཡོད་པ་དེའི་ནང་ཀོ་རི་ཡའི་ཇོག་གེ་(Jogye)ཆོས་ཚོགས་ཀྱིས་ཉེ་ལམ་བོད་མི་ཚོས་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་ཐོན་པར་བློ་འཚབ་ངང་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་དང། ང་ཚོས་འཛམ་གླིང་ཡོངས་ཀྱི་ནང་པ་ཚོ་དང་ལྷན་ཆིག་སྒྲིལ་ཐོག་བོད་མི་ཚོར་རྒྱབ་སྐྱོར་ཞུ་རྒྱུ་ཡིན། ང་ཚོས་འཚེ་མེད་ཞི་བའི་ཐབས་ལམ་ལ་རྒྱབ་སྐྱོར་བརྟན་པོ་ཞུ་རྒྱུ་མ་ཟད། འཛམ་གླིང་ནང་གི་རྩོད་རྙོག་རྣམས་དྲག་འཐབ་ཀྱིས་སེལ་ཐབས་བྱེད་རྒྱུར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་བཞིན་ཡོད། ཀོ་རི་ཡ་ནང་པའི་དགོན་སྡེ་ཡོངས་ནས་བོད་ནང་རང་ལུས་མེར་བསྲེགས་བཏང་སྟེ་ཚེ་སྲོག་ཤོར་བའི་དགེ་འདུན་པ་དང་བཙུན་མ་རྣམས་ཀྱི་ཆེ་སྨོན་ལམ་ཞུ་རྒྱུ་དང་རྣམ་མཁྱེན་རྒྱལ་བའི་གོ་འཕང་མྱུར་དུ་ཐོབ་པའི་གསོལ་འདེབས་ཞུ་རྒྱུ་མ་ཟད། རྨས་སྐྱོན་ཚབས་ཆེ་ཕོག་པ་རྣམས་མྱུར་དུ་དྲག་སྐྱེད་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། བོད་མི་ཚོས་རང་སྲོག་དོར་མི་དགོས་པའི་ཐོག་ནས་བདེན་མཐའ་མྱུར་དུ་གསལ་བའི་སྨོན་ལམ་ཞུ་རྒྱུ་ཡིན་ཞེས་སོགས་འཁོད་ལུགས་བོད་མི་སྒྲིགས་འཛུགས་ཀྱི་དྲྭ་རྒྱའི་ཐོག་གནས་ཚུལ་སྤེལ་འདུག།