བོད་ཨ་མདོ་ཀིརྟི་དགོན་པའི་ཛ་དྲག་གི་གནས་སྟངས།
2011.04.21
༄༅༎བོད་ཀྱི་ཨ་མདོ་ཀིརྟི་དགོན་པའི་ནང་རྒྱ་ནག་གཞུང་ནས་ལས་བྱེད་བརྒྱ་ཕྲག་མང་པོ་ཆེད་མངགས་བཏང་ནས་ནས་གྲྭ་ཤག་བསྔོག་བཤེར་དང་། དགེ་འདུན་པ་ཚོར་འདྲི་རྩད་བྱས་པ་སོགས་ཀྱི་མུ་མཐུད་ནས་དམ་བསྒྲགས་ཇེ་ཤུགས་ཆེ་རུ་བཏང་ཡོད་པའི་གནས་ཚུལ་འདུག
དེ་ཡང་འདི་ག་ལས་ཁུངས་སུ་བཙན་བྱོལ་ནང་ཡོད་པའི་ཀིརྟི་བྱེས་པ་གྲྭ་ཚང་ནས་གནས་ཚུལ་ངོ་སྤྲོད་བྱས་པར་ལྟར་ན། ཉེ་ཆར་ནས་བཟུང་བོད་ཀྱི་ཨ་མདོ་ཀིརྟི་དགོན་པའི་ནང་རྒྱ་མིའི་ཉེན་རྟོག་པས་དམ་བསྒྲགས་ཡོད་མུས་ཐོག་ཟླ་བ་འདིའི་ཚེས་ཉི་ཤུ་སྟེ་ཁ་ས་རེས་གཟའ་ལྷག་པའི་ཉིན་གཡས་གཡོན་གྱི་རྫོང་ཁག་མང་པོ་ཞིག་ནས་ལས་བྱེད་ཕལ་ཆེར་བརྒྱད་བརྒྱ་ལྷག་ཙམ་ཡོང་ནས་དགེ་འདུན་པའི་གྲྭ་ཤག་ཚང་མ་བསྔོག་བཤེར་དང་། འདུ་ཁང་གི་རྡོ་གཅལ་ཏུ་འཚོགས་བཅུག་ཏེ་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ཟེར་བ་ཆར་ཅན་ལྟར་སྤེལ་བ་དང་། དགེ་འདུན་པ་རེ་རེར་འདྲི་རྩད་བྱེད་པའི་སྐབས་རྣམ་འགྱུར་བསྟེན་སྟངས་ཀྱི་ཐོག་ནས་འདོད་བློ་མི་འཁེངས་པ་བྱུང་ཚེ་ར་སྐོར་ཤིང་སྡོང་ལ་བསྡམས་ནས་ཡུན་རིང་བཞག་པ་དང་། ཉེས་རྡུང་བཏང་བ་སོགས་བརྙས་བཅོས་ཚད་མེད་བཏང་ཡོད་འདུག
དེ་དང་ཕྱོགས་མཚུངས་དགོན་པའི་མཐའ་བསྐོར་འགའ་ཤས་སྒོ་ཕྱེས་ནས་མང་ཚོགས་ལ་བསྐོར་བ་བྱེད་ཁུལ་གྱི་རྣམ་འགྱུར་བསྟེན་བཅུག་པའི་སྐབས་མི་མང་ཡོང་མཁན་མེད་པར་བརྟེན་མི་རེར་སྒོར་གསུམ་བཅུ་རེ་སྤྲད་ནས་ལག་བསྐོར་བཙན་ཤེད་ཀྱིས་བསྐོར་བཅུག་ནས་དེ་དག་བརྙན་པར་རྒྱབ་ཡོད་པ་བཅས་ད་ཆ་ཀིརྟི་དགོན་པའི་ནང་རྒྱ་ནག་གཞུང་གི་ལས་བྱེད་དང་ཉེན་རྟོག་པ་སོགས་ནས་དགེ་འདུན་པ་དང་ཡུལ་མི་ཚོར་གནས་སྡོད་མི་བཟོད་པའི་བསུན་བཙིར་དང་སྡུག་སྦྱོང་ཚད་མེད་གཏོང་བཞིན་ཡོད་པ་དང་། དགོན་པའི་མཐའ་བསྐོར་དུ་ཉེན་སྲུང་བཞག་ནས་དགོན་པ་བཙོན་ར་ལྟབུ་ཞིག་བཟོས་ཡོད་པའི་གནས་ཚུལ་འདུག