བོད་མི་ཚོས་སོ་སོའི་གཞུང་ལ་བརྩི་བཀུར་དང་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གནང་དགོས། ཀིརྟི་རིན་པོ་ཆེ་ཡིས།

2022.06.14
བོད་མི་ཚོས་སོ་སོའི་གཞུང་ལ་བརྩི་བཀུར་དང་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གནང་དགོས། ཀིརྟི་རིན་པོ་ཆེ་ཡིས། བཀའ་ཟུར་ཀིརྟི་རིན་པོ་ཆེ་ལ་བརྟན་བཞུགས་འབུལ་སྐབས། ༠༦།༡༤།༢༠༢༢
tibet.net

ཕྱི་ཟླ་༦ཚེས་༡༤ཉིན་མདོ་སྨད་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་དགུང་ལོ་བརྒྱད་ཅུ་སོན་པའི་གྱ་སྟོན་ལ་སྒྲོན་དཀར་ཡིད་བཞིན་འཁོར་ལོའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་དང་། བཀའ་དྲིན་རྗེས་དྲན་གསེར་གྱི་གཟེངས་རྟགས་ཤིག་འབུལ་བཞེས་གནང་སོང་། སྐབས་དེར་ཀིརྟི་རིན་པོ་ཆེ་ཡིས་མདོ་སྨད་མི་མང་ནས་ངོས་ལ་བརྟན་བཞུགས་དང་གསེར་གྱི་ཆེ་བསྟོད་གཟེངས་རྟགས་ཕུལ་བ་དེ། མདོ་སྨད་ཀྱི་བླ་མ་རྒན་གྲས་ཤིག་ལ་ཆེ་བསྟོད་དང་ངོས་ནས་ད་བར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་དཀའ་དྲིན་འོག་ནས། བོད་ཀྱི་ཆོས་དང་རིག་གཞུང་ལ་གང་ནུས་ཀྱིས་ཕྱག་ལས་གནང་བར་ཆེ་བསྟོད་ཅིག་མཚོན་གྱི་ཡོད་སྟབས། མ་འོངས་པར་མུ་མཐུད་འབད་བརྩོན་གང་ཐུབ་པ་བྱ་རྒྱུའི་ཆོད་སེམས་ཡོད་སྐོར་གསུངས་སོང་།
ཐེངས་འདིའི་བརྟན་བཞུགས་ཀྱི་སྐུ་མགྲོན་གཙོ་བོར་ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་མཆོག་དང་། དམིགས་བསལ་སྐུ་མགྲོན་ལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དང་། བཀའ་བློན། བོད་མི་མང་སྤྱི་འཐུས་ཁག་ཅིག་བཅས་ཕེབས་གནང་ཡོད་པ་དང་། ཀིརྟི་རིན་པོ་ཆེ་མཆོག་ནས་མདོ་སྨད་མི་མང་གཙོས་བོད་མི་ཚོས་ས་ག་ཟླ་བའི་ཚེས་༡༥་དང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོའི་བཀའ་དབང་བསྐུར་བའི་དུས་བཟང་འདིར། བརྟན་བཞུགས་དེ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཕུལ་ཡིན་བསམ་དགོས་སྐོར་དང་། མ་འོངས་པར་༧གོང་ས་མཆོག་དགུང་ལོ་དགུ་བཅུ་བཞེས་རྒྱུའི་གོ་སྟོན་ལ་གྲ་སྒྲིག་གནང་རན་སྐོར་གསུངས་གནང་སོང་།

kirti.jpg
ཡང་ཀིརྟི་རིན་པོ་ཆེ་ཡིས། བོད་མི་ཚོས་ད་ལྟའི་བཙན་བྱོལ་ནང་དུ་ཡོད་པའི་གཞུང་དེར་བོད་གཞུང་དང་བོད་མིའི་སྒྲིག་འཛུགས། དགའ་ལྡན་ཕོ་བྲང་སོགས་མིང་ག་རེ་ཡིན་མིན་ལ་མ་ལྟོས་པར། གཞུང་དེ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཡུན་རིང་ངལ་བ་བརྟེན་ནས་བཙུགས་པ་ཡིན་པས། བོད་མི་ཚོའི་ད་ལྟའི་ཆར་མི་མང་གིས་འོས་བསྡུའི་ལམ་ནས་དབུ་ཁྲིད་སུ་ཞིག་ཕེབས་ཀྱང་། གཞུང་དེར་ལྷག་བསམ་རྣམ་དག་གིས་གུས་བརྩི་དང་། གཞུང་དེས་འོག་ནས་བོད་མི་ཚང་མས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གནང་དགོས་སྐོར་སོགས་གསུངས་སོང་།
བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་ནི། ཕྱི་ལོ་༡༩༤༢ལོར་མདོ་སྨད་ཐེ་བོ་སྟག་མོ་སྒང་དུ་སྐུ་འཁྲུངས་ཤིང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་གསང་བའི་བཀའ་ཡིག་སྔ་ཕྱིར་ཕེབས་པ་ལ་བརྟེན། ཕྱི་ལོ་༡༩༥༧ལོར་ཀིརྟི་རིན་པོ་ཆེ་སྐུ་འཁོར་དང་བཅས་པ་བོད་ཀྱི་རྒྱལ་ས་ལྷ་སར་ཕེབས་ཏེ། ཁོང་ཉིད་གྲྭ་བ་དཀྱུས་མ་ཞིག་གི་རྣམ་པའི་སྟེང་ནས་འབྲས་སྤུངས་བློ་གསལ་གླིང་དུ་ཆོས་ཞུགས་ཀྱིས་གསན་བསམ་སློབ་གཉེར་གནང་ཡོད་པ་དང་། སྐབས་དེར་བོད་གཞུང་གིས་སྤྲུལ་སྐུ་རྣམ་གསུམ་གྱི་གདན་ཐོབ་ཕུལ་ནས་བོད་ཀྱི་བླ་མ་ཆེན་པོ་ཞིག་ལ་ངོས་འཛིན་དང་། ཕྱི་ལོ་༡༩༥༩ལོར་༧གོང་ས་མཆོག་གི་ཞབས་རྗེས་སུ་འབྲངས་ནས་བཙན་བྱོལ་དུ་ཕེབས་གནང་སྟེ། བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གྱི་ཕྱག་ལས་གནང་མྱོང་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎