བོད་ནང་ཁུལ་ལ་བོད་མི་ཚོར་འགྲོ་བསྐྱོད་རང་དབང་མེད་པ།
2014.01.22
བོད་མི་ཚོ་བོད་ནང་ཁུལ་གྱི་ས་གནས་ཁག་ལ་རང་དབང་གི་ངང་འགྲོ་བསྐྱོད་བྱ་རྒྱུར་རྒྱ་ནག་གཞུང་གིས་དམ་དྲག་ཤུགས་ཆེ་ཡོད་འདུག
དེ་ཡང་མཁན་པོ་དཀར་ཚེས་ལགས་ཀྱི་ཟིན་བྲིས་ལ་འཁོད་པའི་གནས་ཚུལ་ལྟར་ན། བོད་ནང་གི་ས་ཚུགས་གང་སར་རྒྱ་མིའི་ཞིབ་བཤེར་ས་ཚུགས་བཙུགས་ནས་བོད་མི་ཚོ་ཕར་འགྲོ་ཚུར་འོང་བྱེད་པར་ཞིབ་བཤེར་དང་དོགས་འདྲི་སོགས་དམ་དྲག་ཆེན་པོ་ཡོད་པ་འཁོད་ཡོད་པ་དང་། བོད་མི་རྣམས་འགྲུལ་བསྐྱོད་བྱེད་སྐབས་རྒྱ་མིའི་འགག་སྒོ་ནས་གཡོལ་ཐབས་སུ་ལམ་ཆེན་ལས་ཁ་བྲལ་ཏེ་རི་ཁུག་ལུང་ཁུག་མང་པོ་བརྒྱུད་དགོས་པ་སོགས་དཀའ་ངལ་མང་པོ་འཕྲད་ཀྱི་ཡོད་པ་ཡང་འཁོད་འདུག
གནས་ཚུལ་གཙོ་བོ་མཁན་པོ་ཁོ་རང་ལས་དོན་ཞིག་གི་ཆེད་ས་གནས་གཞན་ལ་འགྲོ་བར་། ཐར་ཐབས་མ་བྱུང་བར་བརྟེན་ཆབ་མདོའི་ས་ཁུལ་ཞིག་ཏུ་བྲོས་བྱོལ་དུ་ཕྱིན་པའི་གནས་ཚུལ་འདྲ་པར་དང་བཅས་ཞིབ་བཀོད་བྱས་བ་དང་། ནམ་རྒྱུན་ཐོས་རྒྱུ་མང་བའི་ལུགས་མེད་ཁྲིམས་མེད་ཀྱི་འགག་སྒོ་སྟེ། སྡོང་རྒན་ཐང་གི་ཆབ་མདོ་རི་བོ་ཆེའི་ཞིབ་བཤེར་ས་ཚིགས་དང་པོ ཟེར་བ་འདི་ནས་དོན་མེད་ཀྱི་མང་ཚོགས་མང་པོར་དཀའ་ངལ་ཁག་འཕྲད་ཀྱི་ཡོད་པའི་གནས་ཚུལ་འཁོད་འདུག ད་དུང་ཟིན་བྲིས་ནང་འདི་ལྟ་བུའི་གནས་ཚུལ་ཁག་འབྲེལ་ཡོད་ཀྱི་འགོ་ཁྲིད་དང༌། ཡང་ན་རིམ་པ་གོང་མའི་དབུ་ཁྲིད། འཛམ་གླིང་མི་མང་རྣམས་ཀྱིས་ཤེས་རྟོགས་བྱུང་ནས་བོད་ལྗོངས་ཀྱི་འགྲོ་འདུག་གནས་ཚུལ་ཐད་དོ་སྣང་ཆེ་ཙམ་གནང་སྟེ་འགྱུར་བ་འགྲོ་བའི་རེ་བས་ཟིན་བྲིས་འདི་བཀོད་པ་ཡིན་ཞེས་བྲིས་གནང་འདུག
གསར་འགོད་པ་བསྟན་ནོར།