འབའ་ཐང་གློག་ཁང་གི་ལས་བྱེད་དང་བོད་མི་བར་འཁྲུག་འཛིངས༌།
2012.01.28
༄༅༎བོད་འབའ་ཐང་ནས་མིང་འབོད་འདོད་མེད་པ་ཞིག་གིས་འདི་ག་རླུང་འཕྲིན་ཁང་དུ་གནས་ཚུལ་བཏང་བར་གཞིགས་ན། ཟླ་བ་འདིའི་ཚེས་༡༦ ཉིན་ཁམས་འབའ་ཐང་རྫོང་གི་འཁྲིས་སུ་ཡོད་པའི་གཤར་ཟམ་གྲོང་ཚོ་ནང་གློག་ཁང་གི་ལས་བྱེད་པས་གློག་གི་ཀ་བ་འཛུགས་སྟངས་ཡག་པོ་མ་བྱུང་བར་བརྟེན། ཁྱིམ་ཚང་ཞིག་གི་ཅ་དངོས་ཡོངས་རྫོགས་མེར་བསྲེགས་ཐེབས་ཡོད་པ་དང་། ས་གནས་མི་མང་གིས་སྐྱིན་ཚབ་སྤྲོད་དགོས་པའི་སྐོར་གློག་ཁང་ལས་ཁུངས་སུ་ཞུ་བར་འགྲོ་དུས་ཕར་ཕྱོགས་ནས་སྐད་ཅ་ཉན་རྒྱུའི་ཚབ་ཏུ། འདི་ནས་ཕྱིར་མ་ཐོན་ཚེ་ཉེན་རྟོག་པར་གཏུགས་རྒྱུ་ཡིན་ཚུལ་སོགས་སྡིག་ར་བསྐུལ་བར་བརྟེན་མི་མང་ཁོང་ཁྲོ་ཆེན་པོ་ལངས་ནས་གློག་ཁང་གཏོར་སྐྱོན་བཏང་ཡོད་འདུག སྐབས་དེར་དྲག་ཆས་ཉེན་རྟོག་པ་མང་པོ་བསླེབས་ནས་མི་མང་དང་འཁྲུག་འཛིང་ཆེན་པོ་ཤོར་ནས་ཕྱོགས་གཉིས་ཀར་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་པ་དང༌། དེ་རྗེས་ཉེན་རྟོག་པ་འབོར་ཆེན་བསླེབས་ནས་གཤར་ཟམ་གྲོང་ཚོའི་སྐྱེས་པ་ཡོངས་རྫོགས་འཇུ་བཟུང་བཀག་ཉར་བྱས་ཡོད་འདུག དེ་དང་ཕྱོགས་མཚུངས་མདོ་སྨད་ཨ་མདོ་རྔ་པ་རྫོངས་ཀྱི་དགོན་སྡེ་ཁག་ཕལ་ཆེ་བའི་ནང་སྨོན་ལམ་ཚུགས་བཞིན་ཡོད་པར་བརྟེན། རྔ་པ་རྫོང་དང་ དགོན་སྡེ་ཁག་ནང་རྒྱ་ནག་གཞུང་གིས་དམ་དྲག་ཤུགས་ཆེ་རུ་བཏང་ཡོད་པ་དང་། ཕྱི་ཚེས་༢༢ནས་བཟུང་ཉིན་གྲངས་བཅུ་གཉིས་རིང་རྔ་པ་ཀརྟི་དགོན་པའི་ནང་ལ་ཡང་སྨོན་ལམ་ཆེན་མོ་ཚོགས་ཀྱི་ཡོད་པ་དང་། དེའི་སྐབས་དགོན་པའི་ནང་འཆམ་དང་ཆོས་ལུགས་ཀྱི་བྱེད་སྒོ་ཁག་སྤེལ་གྱི་ཡོད་པར་བརྟེན་ནས། མི་མང་ཕོན་ཆེ་རྒྱུན་དུ་ནས་འཛོམས་ཀྱི་ཡོད་པར་བརྟེན། རྒྱ་ནག་གཞུང་གིས་ཀིརྟི་དགོན་པའི་གཡས་གཡོན་དུ་དྲག་ཆས་ཉེན་རྟོག་པ་གསུམ་བརྒྱ་ལྷག་ཁ་སྔོན་འགྲེམས་འཇོག་བྱས་ཡོད་པ་དང༌། དེ་བཞིན་ཉེ་ཆར་ཕྱི་ཚེས་༡༤ཉིན་རྔ་པ་རྫོང་དུ་བློ་བཟང་བྱམས་དབྱངས་ལགས་ཀྱིས་རང་ལུས་མེར་སྲེག་གིས་རྒྱ་ནག་གཞུང་གིས་དྲག་པོའི་སྲིད་བྱུས་ལ་ངོ་རྒོལ་བྱས་པའི་་གནས་ཚུལ་བྱུང་རྗེས་རྔ་པ་དགོན་སྡེ་ཁག་གཅིག་པུ་མ་ཡིན་པར་རྫ་པ་རྫོངས་ཁྱོན་ཡོངས་སུ་རྒྱ་ནག་གི་ཉེན་རྟོག་དམག་མི་ཕོན་ཆེ་འགྲེམས་འཇོག་བྱས་ནས་དམ་དྲག་ཤུགས་ཆེ་བྱེད་བཞིན་ཡོད་པའི་སྐོར་འགྲེལ་ཡོད་མི་སྣས་གནས་ཚུལ་འགྲེལ་བརྗོད་གནང་གི་འདུག།