ཨ་རྒྱ་གཉིས་བར་འབྲེལ་ལམ་ཐད་གྲོས་གཞི་དོན་ཚན་བཞི་བཏོན་པ།


2015.01.12
ཨ་རིའི་ཕྱི་སྲིད་དྲུང་ཆེ་John Kerryམཆོག་དང་རྒྱ་གར་གྱི་སྲིད་བློན་Narendra Modiརྣམ་གཉིས། ༢༠༡༥།༡།༡༡ ཨ་རིའི་ཕྱི་སྲིད་དྲུང་ཆེ་John Kerryམཆོག་དང་རྒྱ་གར་གྱི་སྲིད་བློན་Narendra Modiརྣམ་གཉིས། ༢༠༡༥།༡།༡༡
དྲ་བཤུས

ཨ་རི་དང་རྒྱ་གར་གཉིས་འབྲེལ་ལམ་སྐུལ་འདེད་གཏོང་རྒྱུར་དོན་ཚན་བཞི་ཅན་གྱི་གྲོས་གཞི་ཞིག་བཏོན་གནང་འདུག  
དེ་ཡང་ཨ་རིའི་ཕྱི་སྲིད་དྲུང་ཆེ་John Kerryམཆོག་གིས་རྒྱ་གར་གྱི་སྲིད་བློན་Narendra Modiཡིས་རྒྱ་གར་གྱི་དཔལ་འབྱོར་ཡར་རྒྱས་གོང་འཕེལ་གཏོང་རྒྱུའི་ཆེད་དུ་ཕྱི་རྒྱལ་གྱི་མ་རྩ་འཛུགས་མཁན་འགུག་ཐབས་གནང་བཞིན་པར་བསྔགས་བརྗོད་གནང་བ་དང་། ཨ་རི་དང་རྒྱ་གར་གཉིས་ཀྱི་འབྲེལ་ལམ་གྱི་ནུས་ཤུགས་ཆེ་རུ་གཏོང་ཐབས་དང་སྲ་བརྟན་བཟོ་རྒྱུའི་དོན་དུ་གནམ་གཤིས་འགྱུར་ལྡོག་དང་བདེ་སྲུང་། ཞི་བདེའི་ཆེད་ཀྱི་རྡུལ་ཕྲན་ནུས་ཤུགས། དེ་བཞིན་དྲག་པོའི་འཇིགས་སྐུལ་རིང་ལུགས་ཚོགས་ཁག་ལ་འགོག་རྒོལ་ཐད་མཉམ་འབྲེལ་གནང་རྒྱུའི་ཆོད་སེམས་བརྟན་པོ་དགོས་པའི་གྲོས་གཞི་བཏོན་གནང་འདུག ཨ་རིའི་ཕྱི་སྲིད་དྲུང་ཆེ་John Kerryམཆོག་རྒྱ་གར་ནང་ཉིན་གཉིས་རིང་Gujaratམངའ་སྡེའི་ནང་། Gujaratམངའ་སྡེ་དེ་དཔལ་འབྱོར་ཡར་ཐོན་ཅན་ཞིག་བཟོ་རྒྱུའི་ཆེས་མཐོའི་ལྷན་ཚོགས་ལ་ཆེད་ཕེབས་གནང་ཡོད་པ་རེད། ད་དུང་John Kerryམཆོག་ནས་སྲིད་བློན་Modiའི་གཞུང་འཛིན་འོག་ཨ་མི་རི་ཀའི་ཁེ་གཉེར་ལས་ཁང་ཁག་གིས་རྒྱ་གར་ནང་མ་རྩ་འཛུགས་རྒྱུ་ཡིན་སྐོར་གསུངས་པ་མ་ཟད། མོ་དྷི་མཆོག་ནས་རྒྱ་གར་ལ་གློག་ཆུ་ཚོད་༢༤་རིང་མཁོ་སྤྲོད་གནང་རྒྱུའི་འཆར་སྣང་དེ་བཞིན་དོན་འཁྱོལ་ཡོང་རྒྱུར་ང་ཚོས་ལས་ཀ་བྱེད་ཀྱི་ཡིན་ལ་ལོ་འདིའི་ལོ་མཇུག་ལ་ཕ་རན་སིའི་རྒྱལ་ས་པེ་རིས་ནང་འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་གི་ཚོགས་ཆེན་སྐབས་རྒྱ་གར་གྱིས་ཀྱང་ལོ་རྒྱུས་མཚམས་རྟགས་ལྟ་བུའི་གྲོས་མཐུན་ཞིག་བཞག་རྒྱུའི་ཆེད་ལས་ཀ་བྱ་རྒྱུའི་ཆོད་སེམས་བརྟན་པོ་དགོས་སྐོར་ཡང་གསུངས་འདུག ཡང་ཁོང་གིས་གོང་ཞུས་དོན་ཚན་བཞི་པོ་དེ་དག་ཨ་མི་རི་ཀའི་སྲིད་འཛིན་ཨོ་བྷ་མ་མཆོག་ཟླ་བ་འདིའི་ཕྱི་ཚེས་༢༦ལ་རྒྱ་གར་གྱི་མང་གཙོའི་དུས་ཆེན་ཉིན་གྱི་སྐུ་མགྲོན་གཙོ་བོའི་ཚུལ་དུ་འཚམས་གཟིགས་ལ་ཕེབས་སྐབས་སྲིད་བློན་Modiལྷན་དུ་བཀའ་བསྡུར་གནང་རྒྱུ་ཡིན་པ་དང་། ཨོ་བྷ་མ་ནི་རྒྱ་གར་ལ་ཐེངས་མ་གཉིས་ཕེབས་མཁན་ཨ་རིའི་སྲིད་འཛིན་དང་པོ་དེ་ཡིན་སྟབས་དེས་ཡུལ་གྲུ་གཉིས་ཀྱི་འབྲེལ་ལམ་གལ་འགངས་ཆེན་པོར་རྩིས་ཡོད་པ་མཚོན་གྱི་ཡོད་སྐོར་ཡང་གསུངས་འདུག
དེ་བཞིན་འདི་ཚེས་༡༡ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་John Kerryདང་འབྲུག་ཡུལ་གྱི་སྲིད་བློན་ཚེ་རིང་སྟོབས་རྒྱལ་རྣམ་གཉིས་དབར་མཇལ་འཕྲད་གནང་ཡོད་པ་དང༌། མཇལ་འཕྲད་གྲུབ་པའི་རྗེས་གསར་འགོད་པས་ཨ་རིའི་ཕྱི་སྲིད་དྲུང་ཆེར་ད་ལམ་ཐེངས་དང་པོར་ཁོང་གིས་འབྲུག་ཡུལ་གྱི་སྲིད་བློན་མཉམ་མཇལ་འཕྲད་གནང་དགོས་པའི་རྒྱུ་མཚན་ཇི་ཡིན་བཀའ་འདྲི་ཞུས་པའི་ལན་དུ། ཨ་རིའི་ཕྱི་སྲིད་དྲུང་ཆེ་ John Kerryཡིས། འབྲུག་ཡུལ་ནི་ལྷོ་ཨེ་ཤེ་ཡའི་ནང་དམིགས་བསལ་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཅིག་ཆགས་ཀྱི་ཡོད་པ་མ་ཟད། ཡུལ་དེའི་ནང་དམངས་གཙོའི་ལམ་ལུགས་འགོ་བཙུགས་ནས་དུས་ཡུན་རིང་པོ་འགྲོ་གི་མེད་སྟབས། དམངས་གཙོའི་ལམ་ལུགས་ཐོག་མུ་མཐུད་མདུན་བསྐྱོད་བྱེད་ཐུབ་པ་ཡོང་རྒྱུར་ང་ཚོའི་ཕྱོགས་ནས་དཔལ་འབྱོར་སོགས་ཀྱི་རོགས་རམ་ག་རེ་བྱ་རྒྱུ་ཡོད་པ་དང༌། དེ་བཞིན་རྒྱལ་ཁབ་གཉིས་ཀྱི་མི་སེར་དབར་ཕན་ཚུན་འབྲེལ་བ་འཛུགས་ཕྱོགས་བཅས་པའི་སྐོར་བཀའ་བསྡུར་གནང་བ་ཡིན་ཞེས་གསུངས་འདུག མཇལ་འཕྲད་དེ་ནི་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཞིག་གིས་འབྲུག་ཡུལ་གྱི་སྲིད་བློན་མཇལ་འཕྲད་གནང་བ་ཐོག་མ་ཆགས་ཀྱི་ཡོད་འདུག

གསར་འགོད་པ་བསོད་ནམས་ལྷ་མོ་དང་ངག་དབང་ཆོས་འཕེལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎