བོད་དོན་ཆེད་རྒྱལ་སྤྱིའི་གདུང་སེམས་མཉམ་བསྐྱེད་ཀྱི་ཉིན་མོ།
2014.05.17

༄༅༎དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་གིས་བོད་དོན་ཆེད་རྒྱལ་སྤྱིའི་གདུང་སེམས་མཉམ་བསྐྱེད་ཀྱི་ཉིན་མོར་ཡོངས་ཁྱབ་བསྒྲགས་གཏམ་ཞིག་སྤེལ་འདུག་པ་དེའི་ནང་། བོད་ནང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་ན་ཡང་། རྒྱལ་སྤྱིའི་ནང་བོད་དོན་རྒྱབ་སྐྱོར་འགྱུར་མེད་ངང་གནས་ཡོད་པ་གསུངས་འདུག།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་གིས་ཕྱི་ལོ་ ༢༠༡༤ ཟླ་བ་ ༥ ཚེས་ ༡༧ ཉིན་མོ་འདི་བོད་དོན་ཆེད་རྒྱལ་སྤྱིའི་གདུང་སེམས་མཉམ་བསྐྱེད་ཀྱི་ཉིན་མོ་ཞིག་ཏུ་གཏན་འབེབས་གསལ་བསྒྲགས་གནང་ཡོད་པ་དང་། འདི་ནི་བོད་ནང་གི་བོད་མི་ཚོའི་དྲང་བདེན་དང་རང་དབང་གི་འཐབ་རྩོད་ལ་ཕྱི་ཕྱོགས་སུ་ཡོད་པའི་བོད་པ་དང་བོད་པར་རྒྱབ་སྐྱོར་བྱེད་མཁན་ཚོས་རྒྱབ་སྐྱོར་གྱི་ནུས་པ་ཤུགས་ཆེ་རུ་གཏོང་རྒྱུ་དང་ཆོད་སེམས་བརྟན་དུ་གཏོང་བའི་ཉིན་མོ་ཞིག་ཡིན་པ་བཀའ་ཤག་གིས་སྤེལ་བའི་གསལ་བསྒྲགས་དེའི་ནང་བཀོད་འདུག།
བཀའ་ཤག་གི་གསལ་བསྒྲགས་དེའི་ནང་རྒྱ་ནག་གཞུང་གི་བོད་ནང་ཆབ་སྲིད་དམ་དྲག་དང་། རིག་གཞུང་མཉམ་བསྲེ། ཁོར་ཡུག་གཏོར་བཤིག་དང་དཔལ་འབྱོར་ཟུར་འབུད་སོགས་ཀྱི་སྲིད་བྱུས་ལ་ངོ་རྒོལ་མཚོན་ཆེད་བོད་མི་བརྒྱ་དང་གསུམ་བཅུ་ཙམ་གྱིས་རང་ལུས་མེར་བསྲེགས་བཏང་ཡོད་པ་གསལ་བཤད་གནང་པ་དང་སྦྲགས། རྒྱལ་སྤྱིའི་ནང་གི་གཞུང་དང་གྲོས་ཚོགས། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་དང་། འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བའི་ཚོགས་པ་སོགས་ཀྱི་འགྱུར་བ་མེད་པའི་རྒྱབ་སྐྱོར་ལ་བརྟེན་ནས་བོད་ཀྱི་གནད་དོན་ཐད་རྒྱལ་སྤྱིའི་ཐོག་དོ་སྣང་ཆེ་རུ་སོང་ཡོད་པ་བརྗོད་འདུག།
བཀའ་ཤག་གི་གསལ་བསྒྲགས་དེའི་ནང་བོད་དོན་རྒྱབ་སྐྱོར་དང་དོ་སྣང་ཆེ་རུ་ཕྱིན་པའི་དཔང་རྟགས་རྒྱུ་མཚན་དུ་ཡོ་རོབ་མཐུན་ཚོགས་ཀྱི་ཡོ་རོབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཚོགས་ཆུང་གི་ཚོགས་གཙོ་རྡ་རམ་ས་ལར་ཕེབས་ཏེ་བོད་རྒྱའི་དབར་ཞི་མོལ་གྱི་ལམ་ནས་བོད་ལ་རང་སྐྱོང་གི་གནས་བབས་འབྱུང་རྒྱུར་རྒྱབ་སྐྱོར་ཡོད་པ་གསུངས་པ་དང་། ཨ་མི་རི་ཀས་ལོ་རེར་བཏོན་པའི་ཆོས་ལུགས་རང་དབང་དང་འབྲེལ་བའི་སྙན་ཐོའི་ནང་བོད་ནང་གི་ཆོས་དད་རང་དབང་གི་གནས་བབས་ཇེ་སྡུག་ཏུ་ཕྱིན་པ་སོགས་ཀྱི་སྐོར་འཁོད་པ། ཇར་མན་ནང་པའི་མཐུན་ཚོགས་ནས་དོལ་རྒྱལ་རྗེས་འབྲངས་པ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་གཞི་མེད་ཀྱི་མཚན་སྨས་ཞུ་བཞིན་པ་གསལ་བསྒྲགས་བྱས་པ་སོགས་བཀོད་སྤེལ་གནང་འདུག་པ་དང་། སྲིད་སྐྱོང་བློ་བཟང་སེངྒེ་ལགས་ཀྱིས་མུ་འཐུད་བོད་དོན་ཐད་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུས་འདུག།
གསར་འགོད་པ་སྐལ་ལྡན་བློ་གྲོས།