མང་གཙོའི་དུས་དྲན་ཉིན་བོད་གཞུང་བཀའ་ཤག་གི་གསུང་བཤད།

བཙན་བྱོལ་ནང་ད་བར་མང་གཙོའི་ལམ་ལུགས་ཀྱི་འགྱུར་གྲོས་ཀྱི་གནས་སྟངས་གཙོ་བོ་༧གོང་ས་མཆོག་གི་གསོལ་རྩལ་གནང་བ་ཞིག་ཡིན་པའི་སྐོར།

2010.09.02

༄༅༎བོད་གཞུང་བཀའ་ཤག་གི་མང་གཙོའི་དུས་དྲན་ཉིན་གསུང་བཤད་སྤེལ་བའི་ནང་། བཙན་བྱོལ་ནང་ད་བར་མང་གཙོའི་ལམ་ལུགས་ཀྱི་འགྱུར་གྲོས་ཀྱི་གནས་སྟངས་གཙོ་བོ་༧གོང་ས་མཆོག་གི་གསོལ་སྩལ་གནང་བ་ཞིག་ཡིན་པའི་སྐོར་གསུངས་ཡོད་འདུག

བོད་མི་ཚོ་བཙན་བྱོལ་དུ་འབྱོར་ནས་མང་གཙོའི་ལམ་ལུགས་གསར་གཏོད་གནང་ནས་འདི་ལོ་ལོ་ངོ་ལྔ་བཅུ་ཐམ་པ་འཁོར་བའི་དུས་དྲན་དེ་རིང་གཞུང་འབྲེལ་གྱི་ཐོག་ནས་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཆགས་སུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཚོགས་འདུ་མཇུག་སྒྲིལ་བའི་དུས་མཚམས་སུ་སྲུང་བརྩི་ཟབ་རྒྱས་ངང་ཞུས་ཡོད་པ་རེད།

དེ་རིང་མཛད་སྒོའི་ཐོག་བཀའ་ཤག་དང་། བོད་མི་མང་སྤྱི་འཐུས་ཀྱི་གསུངས་བཤད་གནང་ཡོད་པ་ནས་བཀའ་ཤག་གི་གསུངས་བཤད་གནང་བའི་ནང་དོན་གཙོ་བོར། བོད་མི་ཚོ་བཙན་བྱོལ་དུ་འབྱོར་བ་ནས་བཟུང་ད་བར་ཆབ་སྲིད་ཀྱི་གནས་སྟངས་བཟང་ངན་རིམ་པ་བྱུང་བ་རྣམས་ལུང་འདྲེན་གནང་བ་དང་། ལྷག་པར་དུ་ད་ལྟ་བོད་མི་བཙན་བྱོལ་བ་ཚོས་ལོངས་སུ་སྤྱོད་བཞིན་པའི་མང་གཙོའི་ལམ་ལུགས་འདི་ནི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་མང་ཚོགས་ལ་སྐབས་དང་དུས་སུ་ལམ་སྟོན་གྱི་གསོལ་སྩལ་གནང་བ་ཞིག་ཡིན་པ་ལས་མང་གཙོ་དོན་གཉེར་བ་དང་། ཚོགས་པ་སོགས་སུས་ཀྱང་བསམ་འཆར་བཏོན་པ་ནས་བྱུང་བ་ཞིག་མིན་ལུགས་འགྲེལ་བརྗོད་གནང་ནས་དཔེ་མཚོན་ཁག་ཅིག་ལུང་འདྲེན་གནང་ཡོད་པ་རེད། དེ་ཡང་ཐོག་མར་ཕྱི་ལོ་༡༩༦༠ལོ་འགོར་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་སྤྱི་འཐུས་ལྷན་ཚོགས་གསར་འཛུགས་གནང་བ་དང་། ཕྱི་ལོ་༡༩༩༡ལོར་སྐབས་དེའི་སྤྱི་འཐུས་དང་བཀའ་ཤག་ཕྱིར་བསྡུས་ཀྱིས་བར་བརྒལ་བཀའ་ཤག་འོས་འདེམས་དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཟིན་བྲིས་ཚོགས་ཆུང་བསྐོ་འཛུགས། སྤྱི་འཐུས་ལྷན་ཚོགས་རྒྱ་བསྐྱེད་གནང་རྒྱུ། ཕྱི་ལོ་༢༠༠༡ལོར་༧གོང་ས་མཆོག་གིས་སྤྱི་འཐུས་ལྷན་ཚོགས་ལ་བཅའ་ཁྲིམས་དོན་ཚན་༢༡པ་བསྐྱར་བཅོས་དགོས་པའི་ལམ་སྟོན་སྩལ་གནང་ཏེ་བཀའ་བློན་ཁྲི་པ་མང་ཚོགས་ཀྱིས་ཐད་ཀར་འོས་འདེམས་བྱ་རྒྱུའི་ཆ་རྐྱེན་གསར་གཏོད་གནང་ནས་དེང་སྐབས་བོད་མི་མང་ཚོགས་ནས་ད་ལྟ་ལོངས་སུ་སྤྱོད་པའི་མང་གཙོའི་ཐོབ་ཐང༌ཡོད་པ་ཞིག་རེད། གཞན་ཡང་ཕྱི་ལོ་༡༩༨༨ལོར་ཆབ་སྲིད་ཚོགས་ཆེན་དང་། ཕྱི་ལོ་༡༩༩༧ལོར་མང་མོས་ཐག་གཅོད་འོས་བསྡུའི་སྔོན་འགྲོའི་ལས་རིམ།

ཕྱི་ལོ་༢༠༠༨ལོར་དམིགས་བསལ་ཚོགས་ཆེན་སོགས་དགོས་གལ་ནམ་བྱུང་མང་ཚོགས་ལ་བསམ་ཚུལ་འདོན་པའི་གོ་སྐབས་བསྐྲུན་སླད་ལས་གཞི་སྣ་ཚོགས་བརྩམས་པ་དེ་དག་ཀྱང་༧གོང་ས་མཆོག་གི་ལམ་སྟོན་སྐུལ་འདེད་གནང་བ་ཤ་སྟག་ཡིན་པ་སོགས་གང་ལྟར་ལོངས་སུ་སྤྱོད་བཞིན་པའི་མང་གཙོའི་ཁེ་དབང་ཡོངས་རྫོགས་༧གོང་ས་མཆོག་གི་གསོལ་སྩལ་གནང་བ་ཞིག་ཡིན་ལུགས་སོགས་གསུངས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎