བཙན་བྱོལ་བོད་གཞུང་བཀའ་ཤག་གི་གསལ་བསྒྲགས།
2009.03.15
༄༅༎རེས་གཟའ་སྤེན་པའི་ཕྱི་དྲོ་བཙན་བྱོལ་བོད་གཞུང་བཀའ་ཤག་གིས་གསལ་བསྒྲགས་ཤིག་འགྲེམས་སྤེལ་གནང་བའི་ནང་གལ་ཏེ་རྒྱ་ནག་ཕྱོགས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་ལྷན་དུ་མུ་མཐུད་གྲོས་མོལ་བྱ་རྒྱུའི་འདུན་པ་ཡོད་ཚེ་བཙན་བྱོལ་བོད་གཞུང་གིས་དགའ་བསུ་ཡོད་ཅེས་གསུང་ཡོད་པ་རེད།
རྒྱ་ནག་གི་སྲིད་བློན་འུན་ཅ་པའོ་ཡིས་ཁ་སྔོན་ཕྱི་ཚེས་བཅུ་གསུམ་རེས་གཟའ་པ་སངས་ཉིན་པེ་ཅིང་དུ་རྒྱ་ནག་མི་དམངས་འཐུས་མིའི་ཚོགས་ཆེན་མཇུག་སྒྲིལ་བའི་གསར་འགོད་ལྷན་ཚོགས་ཐོག་ལ་གལ་ཏེ་ཏཱ་ལའི་བླ་མའི་ཕྱོགས་ནས་ཁ་བྲལ་གྱི་ལས་འགུལ་མཚམས་འཇོག་བྱས་ཏེ་ལྷག་བསམ་རྣམ་དག་ཡིན་པའི་ཡིད་ཆེས་སྐྲུན་ཐུབ་པ་ཡིན་ཚེ་ཏཱ་ལའི་བླ་མའི་སྐུ་ཚབ་ལྷན་དུ་གྲོས་མོལ་སྒོ་མོ་འབྱེད་རྒྱུ་དང་གྲོས་མོལ་དེ་ཡང་དོན་སྙིང་ལྡན་པའི་གྲུབ་འབྲས་ཐོན་གྱི་རེད་ཅེས་བཤད་པ་དེར་བཙན་བྱོལ་བོད་གཞུང་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེས་བཀའ་ཤག་གི་མཚན་ཐོག་ནས་དེར་ལན་འདེབས་ཀྱི་གསལ་བསྒྲགས་ཤིག་འགྲེམས་སྤེལ་གནང་སྟེ་སྲིད་བློན་འུན་ཅ་པའོ་ཡིས་ཏཱ་ལའི་བླ་མས་ཁ་བྲལ་ཕྱག་ལས་གནང་གི་འདུག་ཟེར་བ་བདེན་པ་རྩ་བ་ནས་མ་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རང་བཙན་རྩོད་ལེན་གནང་གི་མེད་པ་གསལ་པོ་ཡིན་ཞིང་རྒྱ་ནག་ཕྱོགས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་ལྷན་དུ་གྲོས་མོལ་གནང་རྒྱུའི་འདུན་པ་ཡོད་པ་དེར་བཙན་བྱོལ་བོད་གཞུང་གི་ངོས་ནས་དགའ་བསུ་ཡོད། བོད་ཀྱི་དཀའ་རྙོག་སེལ་ཐབས་ཀྱི་ཆེད་དུ་བོད་རྒྱ་གཉིས་ཕན་ཚུན་གཉིས་མོས་ཀྱི་ལམ་ནས་ཐབས་ལམ་འཚོལ་རྒྱུར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ངོས་ནས་དུས་རྟག་ཏུ་གྲ་སྒྲིག་ཡོད་རེད་ཅེས་དང་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཇི་ལྟར་དགོས་པའི་སྐོར་ལ་ན་ནིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་རྣམ་གཉིས་རྒྱ་ནག་གི་དཔོན་རིགས་ལྷན་དུ་བོད་རྒྱ་འབྲེལ་མོལ་ཐེངས་བརྒྱད་པ་གནང་བའི་སྐབས་སུ་བསམ་འཆར་ཡིག་ཐོག་ཏུ་ཕུལ་ཟིན་པ་དང་བོད་མིའི་མངོན་འདོད་ཀྱང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་འཁོད་པའི་མི་རིགས་ས་གནས་རང་སྐྱོང་གི་རྩ་དོན་དང་མཐུན་པ་ཞིག་རེད་ཅེས་གསུངས་ཡོད་པ་རེད༎