བཀའ་ཤག་ལྷན་རྒྱས་ཀྱིས་༧གོང་ས་མཆོག་ལ་མཇལ་བཅར་ཞུས་འདུག
2018.05.07
ཁྱེད་རང་ཚོས་སེམས་ཤུགས་མ་ཆག་པར་དཀའ་ལས་རྒྱག་དགོས་ཞེས་༧གོང་ས་མཆོག་གིས་བཀའ་ཤག་ལྷན་རྒྱས་ལ་བཀའ་སྩལ་འདུག
དེ་ཡང་སྐབས་ ༡༥ བའི་བཀའ་ཤག་གིས་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་ལས་དོན་འགན་བཞེས་ནས་ལོ་གཉིས་འཁོར་བ་དང་བསྟུན་འདི་ཚེས་༤ ་གཟའ་པ་སངས་ཉིན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་དབུ་ཁྲིད་པའི་བཀའ་བློན་རྣམ་པས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་བཅར་ཞུས་འདུག
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྐབས་དེར། ངོས་རང་ལོ་ན་༡༦ ཡིན་པའི་སྐབས་ཡོངས་འཛིན་སྟག་བྲག་རིན་པོ་ཆེའི་སྐུ་མདུན་ནས་བོད་མིའི་ཆབ་སྲིད་ཀྱི་འགན་དབང་ཡོངས་རྫོགས་རྩིས་བླངས་པ་ཡིན། དེ་ནས་ཕྱི་ལོ་ ༢༠༡༡ ལོར་མང་གཙོའི་ལམ་ནས་འོས་འདེམས་བྱས་པའི་འགོ་ཁྲིད་ལ་འགན་དབང་རྩིས་སྤྲོད་བྱས་ནས་བོད་མིའི་ཆབ་སྲིད་ཀྱི་ལམ་ལུགས་དེ་མང་གཙོའི་རིང་ལུགས་ཐོག་འགྲོ་ཐུབ་པ་བྱུང་བ་རེད་ཅེས་དང་། ཡང་༧གོང་ས་མཆོག་གིས་བོད་ཀྱི་གནད་དོན་ཐོག་བཀའ་སློབ་སྩལ་སྐབས། ད་ལྟའི་གནས་སྟངས་ལ་མཚོན་ན་བོད་ཀྱི་ལོ་རྒྱུས་ཁྲོད་དུས་ཚོད་ཧ་ཅང་གཉན་འཕྲང་ཅན་ཞིག་གི་སྒང་གནས་ཡོད་སྟབས་ཡ་ང་བའི་དུས་སྐབས་འདིར་བོད་སྤྱི་པའི་དོན་དུ་ལས་ཀ་བྱས་ནས་དཀའ་ལས་རྒྱག་མཁན་ཚོ་ཚེ་རབས་ནས་ཚེ་རབས་བོད་དང་ལས་འབྲེལ་ཡོང་རྒྱུ་ཡིན་པ་ཐག་ཆོད་པ་རེད། ཁྱེད་རང་ཚོས་དཀའ་ལས་བརྒྱབ་པའི་འབྲས་བུ་དེ་ཚེ་འདི་ཙམ་མ་ཟད། ཚེ་རབས་ཕྱི་མ་རྣམས་སུའང་ཕན་འབྲས་ཡོང་ངེས། དེར་བརྟེན་ཁྱེད་རང་ཚོས་སེམས་ཤུགས་མ་ཆག་པར་དཀའ་ལས་རྒྱག་དགོས་ཞེས་བཀའ་སློབ་སྩལ་བ་མ་ཟད། ༧གོང་ས་མཆོག་མཆོག་གི་རླབས་ཆེན་གྱི་ཐུགས་བསྐྱེད་དམ་བཅའ་གསུམ་གྱི་སྐོར་བཀའ་སློབ་སྩལ་སྐབས་ཐུགས་བསྐྱེད་དམ་བཅའ་བཞི་པ་སྟེ། རྒྱ་གར་གྱི་གནའ་རབས་དཔལ་ནཱ་ལེནྡྲའི་སྲོལ་རྒྱུན་ནས་དར་བའི་སེམས་ཁམས་རིག་པ་དང་། ཚད་མ་རིག་པའི་རྣམ་གཞག་གཙོ་བོར་གྱུར་བའི་ལྟ་གྲུབ་དེ་དག་བསྐྱར་གསོ་མཛད་རྒྱུའི་ཐོག་ཐུགས་ཁུར་མཛད་བཞིན་ཡོད་པ་བཀའ་སློབ་སྩལ་ཡོད་པ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་བཀོད་སྤེལ་གནང་འདུག
མཇལ་ཁ་གྲུབ་མཚམས་སྲིད་སྐྱོང་མཆོག་གིས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་བོད་མིའི་སྒྲིག་འཛུགས་འདི་འདས་པའི་མི་ལོ་ ༦༠ རིང་སྲ་བརྟན་ཐོག་རྒྱུན་འཛིན་ཐུབ་པ་བྱུང་ཡོད་སྟབས། མགོན་པོ་གང་ཉིད་ཀྱིས་མ་འོངས་པར་མུ་མཐུད་འདི་ཕྱིའི་ལམ་སྟོན་བཀའ་སློབ་གསུང་གི་བདུད་རྩི་ཡང་ནས་ཡང་དུ་སྩོལ་གནང་ཡོང་བ་དང་། ཐེངས་འདིར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུ་རྒྱུ་བྱུང་བ་ནི་བསོད་ནམས་ཀྱི་བགོ་སྐལ་ཡིན་ཞིང་། མ་འོངས་པར་མུ་མཐུད་ཆོད་སེམས་རྒྱུན་སྐྱོང་ཐོག་ནས་བོད་སྤྱིའི་རྩ་དོན་ཆེད་མུ་མཐུད་འབད་བརྩོན་ཞུ་རྒྱུ་ཡིན་སྐོར་སྙན་སེང་ཞུས་ཡོད་པ་འགྲེལ་བརྗོད་གནང་འདུག
གསར་འགོད་པ་རྡོ་རྗེ་མཚོ།