༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་ཞུས་པ།
2009.12.10
༄༅༎༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་ཀྱི་དུས་དྲན་མཛད་སྒོའི་ཐོག་བཀའ་ཤག་ནས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་༸གོང་ས་མཆོག་གི་བཀའ་དྲིན་རྗེས་དྲན་ཞུས་གནང་ཡོད་འདུག
དེ་སྔ་ཕྱི་ལོ་༡༩༨༩ལོར་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་གནང་ནས་དེ་རིང་ལོ་ངོ་ཉི་ཤུ་ཐམ་པ་འཁོར་གྱི་ཡོད་པའི་དུས་ཚིགས་འདིར་འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་དགའ་སྟོན་གྱི་དུས་དྲན་སྲུང་བརྩི་ཞུ་གི་ཡོད་རེད། ལྷག་པར་དུ་བཙན་བྱོལ་བོད་གཞུང་གི་ལྟེ་གནས་བཞུགས་སྒར་རྡ་རམ་ས་ལར་དེ་རིང་མཛད་སྒོ་ཟབ་རྒྱས་ཤིག་ཚོགས་གནང་ཡོད་པའི་ཐོག་བཀའ་ཤག་གིས་གསུངས་བཤད་གནང་བའི་ནང་། ཉིན་མོ་འདི་ནི་གཞིས་བྱེས་བོད་མི་ཡོངས་ཀྱི་དབུ་འཁྲིད་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མིའི་རྩ་དོན་སྒྲུབ་བྱ་སྤྱི་དང་། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང༌། སྐད་ཡིག་ཡུལ་གོམས་གཤིས་ལུགས་སོགས་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ། དེ་བཞིན་འཛམ་གླིང་ནང་ཞི་བདེ་ཡུན་གནས་འབྱུང་བ་དང་།
ཆོས་ལུགས་འདྲ་མིན་ཁག་དབར་མཛའ་མཐུན་འབྲེལ་ལམ་གོང་འཕེལ་གཏོང་རྒྱུ། འགྲོ་བ་མིའི་བཟང་སྤྱོད་ཀྱི་རིན་ཐང་རྣམས་གོང་མཐོར་གཏོང་ཐབས། ཁོར་ཡུག་སྲུང་སྐྱོབ་སོགས་འཇིག་རྟེན་ཀུན་ཁྱབ་འགན་འཁུར་འཛམ་གླིང་ནང་ཁྱབ་སྤེལ་བཅས་ལ་ཐུགས་འཁུར་འབད་བརྩོན་རྒྱུན་བསྲིངས་གནང་དང་གནང་བཞིན་པའི་རླབས་ཆེན་མཛད་འཁུར་གྱི་འཕྲིན་ལས་བསམ་སྤྱོད་ལས་འདས་པར་བརྟེན་རིས་སུ་མ་ཆད་པའི་རྒྱལ་ཁབ་དང་། མི་རིགས་ཚོགས་སྡེ་རྣམས་ཀྱིས་གཟེངས་བསྟོད་བྱ་དགའ་དང་། ཕྱག་འཁྱེར་སོགས་བརྒྱ་ཕྲག་བརྒལ་བ་ཞིག་ཕུལ་བ་དགྱེས་བཞེས་མཛད་ཡོད་པ་རྣམས་ལུང་འདྲེན་གནང་ནས་ལོ་འདིར་༸གོང་ས་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་གནང་ནས་ལོ་ངོ་ཉི་ཤུ་ཐམ་པ་འཁོར་བར་ཚང་མས་དགའ་སྒོམ་ཞུ་འོས་པའི་དམིགས་བསལ་དུས་ཚིག་ཤིག་ཡིན་པ་འདིའི་ཐོག་ནས་བཙན་བྱོལ་བོད་གཞུང་བཀའ་ཤག་གིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཐུགས་རྗེ་ཆེ་དང་བཀའ་དྲིན་བླ་མེད་དུ་ཆེ་ཞེས་ཞུས་པ་དང་ཆབས་ཅིག་སྐུ་ཚེ་ཞབས་པད་བརྟན་པའི་གསོལ་འདེབས་ཞུས་ཡོད་གནང་ཡོད་པ་རེད།