ཀརྨ་དགེ་ལེགས་ལགས་བཀའ་ཤག་གི་དྲུང་ཆེ་གསར་པར་འཁོད།
2012.02.03
༄༅༎དེ་རིང་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ཐོག་གནས་སྤེལ་བའི་ནང༌། གཡུ་ཐོག་ཀརྨ་དགེ་ལེགས་ལགས་ནི། བཙན་བྱོལ་བོད་གཞུང་གི་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེའི་ཐུགས་འགན་བཞེས་ནས་དུས་ཡུན་རིང་པོ་འགྲོ་གི་ཡོད་པ་དང༌། ཕྱི་ཟླ་གཉིས་པའི་ཚེས་༣ རེས་གཟའ་པ་སངས་ཉིན་ཤེས་རིག་དྲུང་ཆེ་ལས་གནས་ཐོག་བཀའ་ཤག་ལས་ཁུངས་སུ་བཀའ་དྲུང་གི་ལས་འཁུར་གསར་པ་ཞུ་རྒྱུ་ཡིན་ཞིང༌། སྔ་དྲོ་བཀའ་དྲུང་གསར་པའི་ལས་འཁུར་ཞུ་བའི་རྟེན་འབྲེལ་གྱི་མཛད་སྒོ་སྟབས་བདེ་ཞིག་ཚོགས་པ་དང༌། ཉིན་གུང་རྒྱབ་ནས་དངོས་སུ་བཀའ་དྲུང་གི་ལས་འཁུར་ཞུས་ཡོད་པ་རེད། དེ་རིང་སྔ་དྲོའི་མཛད་སྒོ་དེ་ནི་བཀའ་དྲུང་ཡིག་ཚང་དུ་ཚོགས་པ་དང༌། དེ་ཡང་སྔ་དྲོ་ཕྱག་ཚོད་༩ པའི་ཐོག་གཡུ་ཐོག་ཀརྨ་དགེ་ལེགས་ལགས་ཀྱིས་བཀའ་ཁྲི་མཆོག་ལ་གསར་མཇལ་ཞུས་པ་དང༌། དེ་རྗེས་བཀའ་ཁྲི་མཆོག་གིས་རྟེན་འབྲེལ་གྱི་འཚམས་འདྲི་གནང་བ་དང་ཆབས་ཅིག་བཀའ་དྲུང་གི་ལས་འཁུར་སྒྲུབ་ཕྱོགས་ཐད་བཀའ་མོལ་སྙིང་བསྡུས་ཤིག་གནང་གྲུབ་པའི་རྗེས། བཀའ་དྲུང་ལས་ཁུངས་སུ་བཞུགས་པའི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་སྒྲོན་པ་དང༌། དེ་ནས་བཀའ་ཤག་གི་དྲུང་ཆེ་ལས་འཕར་ཚེ་རིང་དབང་ཕྱུག་ལགས་ཀྱིས་དབུས་འཆར་འགོད་དང་སྡེ་ཚན་ཁག་གི་འགན་འཛིན། ལས་བྱེད་ཡོངས་ནས་བཀའ་ཤག་གི་དྲུང་ཆེ་གསར་པ་གཡུ་ཐོག་ཀརྨ་དགེ་ལེགས་ལགས་སུ་འཚམས་འདྲིའི་རྟེན་འབྲེལ་གྱི་མཛད་སྒོ་སྟབས་བདེ་ཞིག་གནང་ཡོད་པ་རེད།