ཀརྨ་པ་མཆོག་ཁེ་ཎ་ཊར་ཆིབས་བསྒྱུར་ཐོག་མ་གནང་འདུག
2017.05.31

བོད་ནང་གི་བོད་མིའི་ཚོའི་ཉིན་རེའི་འཚོ་བའི་མྱོང་ཚུལ་ཐད་ལ་དོ་སྣང་གནང་རྒྱུ་གལ་ཆེན་པོ་ཡིན་ཅེས་ཀརྨ་པ་མཆོག་གིས་གསུངས་འདུག
དེ་ཡང་རྒྱལ་བ་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་ཁེ་ཎ་ཊ་(Canada)ནང་ཐེངས་དང་པོ་ཆིབས་བསྒྱུར་གནང་སྟེ་མཛད་འཕྲིན་སྐྱོང་བཞིན་ཡོད་པ་ལྟར། སྤྱི་ཚེས་༣༠་རེས་གཟའ་མིག་དམར་ཉིན་(Canada)འི་(Ontario)མངའ་སྡེའི་ཆབ་སྲིད་མི་སྣ་ཚོ་དང་མཇལ་འཕྲད་མ་ཞུས་གོང་ཡུལ་དེའི་(Toronto Star)གསར་ཁང་གི་བཅར་འདྲི་དང་ལེན་གནང་ཡོད་པ་རེད།
བཅར་འདྲིའི་སྐབས་ཀརྨ་པ་མཆོག་ལ་གནད་དོན་འགའ་ཤས་ཐོག་བཅར་འདྲི་ཞུས་པའི་ཁོངས་ནས་བོད་རྒྱ་གྲོས་མོལ་སྐོར་ལ་ཀརྨ་རིན་པོ་ཆེ་མཆོག་གིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་དབུ་མའི་ལམ་ལ་རྒྱབ་སྐྱོར་དང་བོད་རྒྱ་བར་བསམ་ཤེས་ཀྱིས་གྲོས་མོལ་མུ་མཐུད་གནང་དགོས་པ་དང་། ལྷག་པར་དུ་ཕྱི་ཕྱོགས་སུ་བོད་མིའི་སྲིད་ཇུས་གནས་བབས་བགྲོ་གླེང་སྐབས་བོད་ནང་གི་བོད་མིའི་ཚོའི་ཉིན་རེའི་འཚོ་བའི་མྱོང་ཚུལ་ཐད་ལ་དོ་སྣང་གནང་རྒྱུ་གལ་ཆེ་པོ་ཡིན་ཞེས་གསུངས་འདུག ཡང་རང་བྱུང་ཁོར་ཡུག་གི་གནད་དོན་ཐད་ཀརྨ་རིན་པོ་ཆེ་མཆོག་གིས་ཁོར་ཡུག་གི་གནད་དོན་གལ་ཆེ་ཤོས་དེ་ནི་མིའི་ཀུན་སློང་དང་འབྲེལ་བ་ཆེན་པོ་ཡོད་པ་གསུངས་པ་དང་འབྲེལ། བག་མེད་ལོངས་སྤྱོད་ཀྱིས་འདོད་རྔམ་ཆེན་པོ་བྱེད་པའི་གནས་སྟངས་དེ་ནི་ཁོར་ཡུག་ཉམས་ཆགས་འགྲོ་བའི་རྒྱུ་རྐྱེན་གཙོ་བོ་ཡིན་པ་དང་། ཡིད་སྐྱོ་བ་ཞིག་ལ་མིའི་རིགས་ལ་གོད་ཆགས་ཞིག་མ་འཕྲད་བར་དུ་འགྱུར་བ་གཏོང་རྒྱུ་མི་བསམ་པ་དེ་རེད་ཅེས་སོགས་གསུངས་འདུག
ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གིས་དབྱིན་ཇིའི་རྒྱལ་ས་ལོན་ཊོན་ནང་གི་ཆོས་འབྲེལ་གཙོས་པའི་མཛད་འཕྲིན་ཁག་ལེགས་གྲུབ་ཟིན་ནས། ཕྱི་ཟླ་༥་ཚེས་༢༩་ཉིན་ཁེ་ཎ་ཊའི་ནང་ཆིབས་བསྒྱུར་ཐེངས་དང་པོ་དེ་དབུ་འཛུགས་གནང་ཡོད་པ་དང་། སྐབས་དེར་ས་གནས་ཀྱི་དཔོན་རིགས་དང་། ས་གནས་བོད་མི་རྣམས་ཀྱིས་དགའ་བསུའི་སྣེ་ལེན་གཟབ་རྒྱས་ཞུས་འདུག
ཕྱི་ཟླ་༥་ཚེས་༣༡་ཉིན་གྲོང་ཁྱེར་ཀྲོ་རན་ཀྲོའི་གཙུག་ལག་སློབ་གྲ་ཆེན་མོའི་ནང་ཁོར་ཡུག་སྲུང་སྐྱོབ་ཐད་འགན་འཁུར་བླངས་སྟངས་སྐོར་མང་ཚོགས་ལ་བཀའ་སློབ་གནང་རྒྱུ་དང་། དེ་ནས་སང་ཉིན་ཕྱི་ཟླ་༦་ཚེས་༡་ཉིན་ཆོས་འབྲེལ་གནང་རྒྱུ་རེད་འདུག དེ་ནས་རིམ་བཞིན་གྲོང་ཁྱེར་Calgaryདང་Vancouverསོགས་སུ་ཕྱི་ཟླ་དྲུག་པའི་ཚེས་༢༣་བར་ཆོས་འབྲེལ་གཙོ་བོར་འགྱུར་བའི་མཛད་འཕྲིན་ཁག་བསྐྱངས་རྒྱུའི་མཛད་འཆར་ཡོད་པ་རེད།
གསར་འགོད་པ་གུ་རུ་ཆོས་སྐྱིད་དང་། སེང་གེ་རི་བསོད་ནམས་ལྷ་མོ།