བོད་མི་ཚོས་འཐེན་འཁྱེར་མི་བྱེད་པར་སྤྱི་བའི་རྩ་དོན་ལ་བསམ་བློ་གཏོང་གལ་ཆེ།
2018.01.29

དཔལ་རྒྱལ་བ་ཀརྨ་པ་ཨྱོན་འཕྲིན་ལས་རྡོ་རྗེ་མཆོག་གིས་ང་ཚོ་བོད་མི་ཚོས་ཇི་ཙམ་ཆོལ་ཁ་དང་ཆོས་ལུགས་དབྱེ་བ་མེད་པའི་བློ་རྒྱ་ཆེན་པོ་བྱེད་ཐུབ་ན་དེ་ཙམ་གྱི་བོད་སྤྱི་ལ་བསམ་བློ་གཏོང་ཐུབ་པ་ཞིག་ཡོང་གི་རེད་ཅེས་བཀའ་ཕེབས་འདུག
དེ་ཡང་འདི་ཚེས་༢༨་རེས་གཟའ་ཉི་མའི་ཉིན་དཔལ་རྒྱལ་བ་ཀརྨ་པ་མཆོག་གིས་ཨ་རིའི་ནེའུ་ཡོག་དང་ནེའུ་ཇེར་སིའི་བོད་རིགས་སྤྱི་མཐུན་ཚོགས་པས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། ས་གནས་ཀྱི་བོད་མི་དང་ཧི་མ་ལ་ཡའི་རིི་རྒྱུད་གཙོས་པའི་འདུས་ཚོིགས་གཞི་རྒྱ་ཆེ་བ་ལ་གྲུབ་ཐོབ་ཐང་སྟོང་རྒྱལ་པོ་ལྕགས་ཟམ་པའི་ལུགས་ཀྱི་ཚེ་སྒྲུབ་འཆི་མེད་དཔལ་གཏེར་གྱི་ཚེ་དབང་དང་། བོད་རིགས་མི་དམངས་ལ་ཆེད་དམིགས་ཀྱི་བཀའ་སློབ་གནང་སྐབས། ཀརྨ་པ་མཆོག་གིས། སྐྱབས་བཅོལ་བ་གཞན་དག་གི་ནང་དུ་ང་ཚོའི་བོད་མི་ཚོ་ནང་བཞིན་གྱིས་རླབས་ཆེན་གྱི་དབུ་ཁྲིད་ཅིག་དང་མགོན་སྐྱབས་ཤིག་མེད་པས། ང་ཚོས་སོ་སོ་སྒེར་གྱི་བསམ་བློ་དང་ལྟ་བ་ལས་ང་ཚོ་སྤྱི་ལ་ཁྱབ་པའི་དབུ་ཁྲིད་བཟང་པོ་རླབས་ཆེན་ཞིག་ཡོད་པ་དེའི་ལམ་སྟོན་གནང་བ་དག་ལ་ང་ཚོས་གུས་བརྩི་དང་རྒྱབ་སྐྱོར་ཞབས་འདེགས་སོགས་གང་ཐུབ་བྱེད་ཐུབ་པ་ཞིག་གི་སྒོ་ནས་སྤྱི་ཚོགས་ནང་དུ་གྲུབ་འབྲས་ཐོབ་པ་ཞིག་བྱེད་དགོས་ཅེས་གསུང་འདུག
ཡང་རྒྱལ་དབང་ཀརྨ་པ་མཆོག་གིས། ང་ཚོས་གཙོ་བོ་བོད་མི་རིགས་ལ་ཤ་ཚ་དང་ལྷག་བསམ་གྱི་ཐོག་ནས་བསམ་བློ་གཏོང་དགོས་པ་ཞིག་དང་། ལྷག་པར་དུ་༧གོང་ས་མཆོག་དགུང་ལོ་མཐོན་པོར་ཕེབས་ཚར་བ་ཞིག་ཡིན་དུས་ཁོང་གི་ཐུགས་བློ་བདེ་བོ་ཞིག་ཆགས་དགོས་རྒྱུ་ཧ་ཅང་གལ་ཆེན་རེད། ད་ལྟ་ནང་བཞིན་ང་ཚོ་འཁྲུག་བསྡད་པ་ཡིན་ན་ཁོང་གི་ཐུགས་བློ་བདེ་པོ་གང་འདྲ་བྱས་ནས་ཡོང་ཐུབ་ཀྱི་རེད། དེའི་ཐད་དུ་ང་ཚོས་བསམ་བློ་གཏོང་དགོས་པ་གལ་ཆེན་རེད། བོད་ནང་གི་བོད་མི་རྣམས་ཀྱིས་རང་གི་མི་རིགས་ཀྱི་ཆེད་དུ་ལུས་སྲོག་ལ་མི་ལྟོས་པར་དཀའ་ངལ་བསྐྱོན་གནང་བ་ལ་ང་ཚོས་ཤ་ཚ་སྙིང་རྗེ་ཆེན་པོས་བསམ་བློ་གཏོང་དགོས་པ་ཞིག་རེད། བཙན་བྱོལ་ནང་དེ་སྔ་སྲིད་སྐྱོང་གི་འོས་བསྡུ་རྗེས་ནས་སྤྱི་ཚོགས་འཁྲུག་ཆ་དོད་པོ་ཡོང་བསྡད་འདུག བོད་མི་ཚོས་མཚམས་རེར་རྩ་དོན་ལས་ལྟ་བ་དང་ལངས་ཕྱོགས་ཤུགས་ཆེ་བ་འཛིན་པའི་ཚོར་སྣང་འདུག་པས། ང་རང་ཚོ་ཚང་མས་སོ་སོ་སྒེར་གྱི་ལྟ་བ་དང་ལངས་ཕྱོགས་དེ་གཙོ་བོ་མ་ཡིན་པར་བློ་གཟུ་བོར་གནས་པའི་ཐོག་ནས་བསམ་བློ་ཡག་པོ་གཏོང་དགོས་རྒྱུ་དེ་གལ་ཆེན་པོ་རེད་ཅེས་བཀའ་ནན་པོ་གནང་འདུག
གཞན་ཡང་རྒྱལ་བ་ཀརྨ་པ་མཆོག་གིས་ང་ཚོ་བོད་པ་ཚོ་མི་གཅིག་གིས་གང་ལབ་པ་དེར་བསྟུན་ནས་འུར་རྒྱབ་ནས་རྒྱུགས་རྒྱུ་དགའ་པོ་ཡོད་པ་དེ་དག་དོར་ནས་སོ་སོའི་མགོ་ནང་ཡོད་པའི་ཀླད་པ་བེད་སྤྱད་དགོས་པ་དང་། མ་ཟད་དེང་སྐབས་བོད་ནང་དུ་སྔར་དང་མི་འདྲ་བ་མདོ་དབུས་ཁམས་གསུམ་ཤ་ཁྲག་རུས་གསུམ་གཅིག་པ་ཡིན་པའི་འདུ་ཤེས་དང་ཤ་ཞེན་གནང་གི་ཡོད་སྟབས། བཙན་བྱོལ་ནང་གི་བོད་མི་ཚོས་བོད་ནང་གི་བོད་མི་ཚོའི་དངས་གཙང་ལྷད་མེད་ཀྱི་བསམ་བློར་གཟིགས་ནས་ཇི་ཙམ་ཆོལ་ཁ་དང་ཆོས་ལུགས་དབྱེ་བ་མེད་པའི་བློ་རྒྱ་ཞིག་ཡོད་ན། དེ་ཙམ་གྱིས་བོད་སྤྱི་ལ་བསམ་བློ་གཏོང་ཐུབ་པ་ཞིག་ཡོང་གི་རེད་ཅེས་བཀའ་ཕེབས་འདུག།
གསར་འགོད་པ་གུ་རུ་ཆོས་སྐྱིད།