དངུལ་གྱི་རྙོག་དྲ་རིམ་པས་བདེན་པ་མཐའ་གསལ་ཡོང་ངེས།
2011.02.03
༄༅༎༧རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་གིས་དངུལ་གྱི་རྙོག་དྲའི་རིགས་འབྲེལ་ཡོད་ནས་ཞིབ་འཇུག་བྱེད་བཞིན་ཡོད་སྟབས་རིམ་པས་བདེན་པའི་མཐའ་གསལ་ཡོང་གི་རེད་ཅེས་བཀའ་གནང་ཡོད་པའི་གནས་ཚུལ་ཐོན་འདུག
བཞུགས་སྒར་ཁུལ་གནས་སྟོད་བོད་རིགས་དང་ཕྱི་རྒྱལ་བ་སོགས་དད་ལྡན་པ་བརྒྱ་ཕྲག་འགའ་ཤས་ནས་ཞི་བའི་འཁྲོམ་སྐོར་གྱི་ལས་འགུལ་ཞིག་སྤེལ་ནས་༧རྒྱལ་བ་ཀརྨ་པ་རིན་པོ་ཆེར་གདུང་སེམས་མཉམ་སྐྱེད་ཞུས་ཡོད་པ་རེད། སྐབས་དེར་མང་ཚོགས་འདུ་འཛོམས་སར་༧རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་ཁྱུག་ཙམ་ཆེད་ཕེབས་ཀྱིས་ཚང་མས་དུས་ཚོད་དཀའ་ངལ་ཆེ་བའི་འདི་འདྲའི་སྐབས་སྐྱིད་སྡུག་མཉམ་མྱོང་གནང་བར་ཐུགས་རྗེ་ཆེ་ཞེས་གསུངས་གནང་བ་དང་། སྦྲགས་གནད་དོན་འདིའི་ཐོག་ད་ལྟ་རྒྱ་གར་གཞུང་གི་འབྲེལ་ཡོད་ལས་ཁུངས་ནས་ཞིབ་མཇུག་བྱེད་བཞིན་ཡོད་པ་ལྟར་རིམ་པས་བདེན་པའི་མཐའ་གསལ་རྒྱུ་ཡིན་པས་ཚང་མས་བློ་འཚབ་མ་གནང་རོགས་གནང་ཞེས་བཀའ་གནང་ཡོད་པ་རེད།
ཁ་སའི་ལས་འགུལ་ནང་མཉམ་ཞུགས་བྱེད་མཁན་དགེ་འདུན་པ་བསྟན་འཛིན་རྡོ་རྗེས། གནད་དོན་འདིའི་ཐོག་གསར་འགྱུར་བརྒྱུད་ལམ་ཁག་ནས་༧རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་རྒྱ་མིའི་སོ་བ་ཡིན་ལུགས་ཉེས་བཙུགས་བྱེད་པ་འདི་ནི་ཧ་ཅང་བློ་ཕམ་པོ་རེད། ཡིན་ནའང་བདེན་མཐའ་ངེས་པར་གསལ་གྱི་རེད་ཅེས་དང་། ནུབ་ར་ཆོས་སྐྱིད་ནས། གཞི་མེད་པའི་སྐྱོན་བརྗོད་ཀྱི་དཀྲོག་གཏམ་སྤེལ་བཞིན་པ་དེ་ནི་ཐབས་སྡུག་པོ་རེད། ༧རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་ནང་ཆོས་སློབ་གཉེར་གནང་མཁན་ཞིག་རེད་ཅེས་གསར་འགོད་པ་ཚོར་འགྲེལ་བརྗོད་བྱེད་ཡོད་འདུག
གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་འདི་བཞིན་གཙོ་བོ་མང་ཚོགས་ནས་མ་སྐུལ་དང་བླང་གནང་བ་ཞིག་ཡིན་རུང་དེའི་ཐོག་བོད་ཀྱི་གཞོན་ནུ་དང་། བུད་མེད་ལྷན་ཚོགས། དགུ་བཅུ་གསུམ། བོད་རང་བཙན་སློབ་ཕྲུག་ཚོགས་པ་སོགས་བོད་མིའི་ཚོགས་པ་ཁག་ནས་ཀྱང་རྒྱབ་སྐྱོར་ཞུས་ཡོད་པ་རེད།