ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གིས་ནིའུ་ཡོག་ནང་ཆོས་འབྲེལ།
2018.05.30

དེ་ཡང་དཔལ་རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གི་གཞུང་འབྲེལ་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བར་ལྟར་ན། སྤྱི་ཟླ་ ༥ ཚེས་ ༢༩ སྟེ་ས་ག་ཟླ་བའི་ཚེས་ ༡༥ ཉིན་ནས་འགོ་འཛུགས་ཀྱིས་སྤྱི་ཟླ་ ༦ ཚེས་ ༡ བར་དཔལ་རྒྱལ་དབང་ཀརྨ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གིས་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནང་དད་ལྡན་ཆོས་ཞུ་བ་རྣམས་ལ་རྒྱལ་སྲས་ལག་ལེན་སོ་བདུན་མའི་ཆོས་འབྲེལ་གནང་བཞིན་ཡོད་འདུག་པ་མ་ཟད། ཀརྨ་པ་རིན་པོ་ཆེ་མཆོག་གི་ངོ་དེབ་དྲ་བའི་ཐོག་ནས་ཐད་གཏོང་གནང་བཞིན་ཡོད་འདུག
ཆོས་འབྲེལ་སྐབས་རྒྱལ་དབང་ཀརྨ་མཆོག་གིས། སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ཞེས་པ་དེ་ནི་ཇོ་བོ་རྗེའི་མདོ་སྔགས་ཀྱི་ཉམས་ལེན་ཡོངས་རྫོགས་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པར་བསྡུས་ནས་བསྟན་ཡོད་པས། དེའི་ཐོག་ནས་ང་ཚོའི་ནུས་པ་དེ་རིམ་བཞིན་གོང་འཕེལ་དུ་འགྲོ་རྒྱུ་ཡོད་པ་ཞིག་དང་། རིམ་བཞིན་སྦྱོང་བརྡར་བྱེད་རྒྱུ་ཡོད་པ་ཞིག་ཡིན་པ་བསྟན་གྱི་ཡོད།
ད་ལྟ་ང་ཚོས་སྐྱེས་བུ་ཆེན་པོའི་ལས་འགན་ཁུར་མ་ཐུབ་ཀྱང་། རིམ་བཞིན་སྐྱེས་བུ་ཆུང་བ་ནས་ལམ་རིམ་གྱིས་སློབ་ནས་ང་ཚོའི་ནུས་པ་གོང་མཐོར་བཏང་ནས་སྐྱེས་བུ་འབྲིང་བ་དང་མཐར་སྐྱེས་བུ་ཆེ་བའི་འགན་ཁུར་ཐུབ་པ་འགྱུར་ཐུབ། དེར་རྟེན་སྐྱེས་བུ་གསུམ་ཟེར་དུས་གང་ཟག་བྱེ་བྲག་གསུམ་ལ་གོ་གི་མེད་པར། དེ་ནི་བློའི་རིམ་པ་གོང་མཐོར་འགྲོ་རྒྱུའི་རིམ་པ་གསུམ་ལ་གསུང་གི་ཡོད་པ་རེད་ཅེས་གསུང་འདུག
གསར་འགོད་པ་བསོད་ནམས་ལྷ་མོ།