ཀརྨ་པ་རིན་པོ་ཆེ་མཆོག་རིང་མིན་དབྱིན་ཡུལ་ལ་ཕེབས་འཆར་འདུག
2017.04.12

རིང་མིན་སྤྱི་ཟླ་༥་པའི་ནང་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་དབྱིན་ཡུལ་ནང་ཕེབས་འཆར་འདུག
དེ་ཡང་སྤྱི་ཚེས་༡༢་ཉིན་དཔལ་རྒྱལ་བ་ཀརྨ་པ་མཆོག་གི་དྲ་ཚིགས་སྟེང་གནས་ཚུལ་སྤེལ་བ་ལྟར་ན། རིང་མིན་སྤྱི་ཟླ་༥་པའི་ཚེས་༢༠་ཉིན་ནས་བཟུང་བདུན་ཕྲག་གཅིག་ཙམ་གྱི་རིང་ལ་དཔལ་རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་གཙོས་ས་གནས་ཁག་གཅིག་གི་ནང་མཛད་འཆར་སྐྱོང་རྒྱུ་ཡིན་འདུག
དེ་ཡང་ཀརྨ་པ་མཆོག་གི་དྲ་ཚིག་ཐོག་བཀོད་པར་གཞིགས་ན། སྤྱི་ཟླ་༥་པའི་ཚེས་༢༡་དང་༢༢་ཉིན་གཉིས་ཀྱི་རིང་རྒྱལ་ས་ལོན་ཊོན་London་གྲོང་ཁྱེར་ནང་བློ་སྤྱོང་ཚིག་བརྒྱད་མའི་ཆོས་འབྲེལ་སྩོལ་རྒྱུ་དང་། དེ་ནས་སྤྱི་ཚེས་༢༢་རེས་གཟའ་ཉི་མའི་ཕྱི་དྲོར་སྤྱན་རས་གཟིགས་ཀྱི་བཀའ་དབང་སྩོལ་རྒྱུ་ཡིན་འདུག
ཡང་སྤྱི་ཟླ་༥་པའི་༢༧་རེས་གཟའ་སྤེན་པ་ཉིན་གྱི་ཕྱི་དྲོར་དབྱིན་ཡུལ་གྱི་Surrey རྫོང་ཀྱི་Lakeside རྫོང་སྐྱིད་སྡུག་ཚོགས་ཁང་དུ། མི་དམངས་ལ་ཚེ་དབང་གནང་རྒྱུ་ཡིན་འདུག་ཀྱང་། ད་ལྟའི་ཆར་མཛད་འཕྲིན་ཁག་ཡོངས་སུ་གཏན་འཁེལ་མེད་པ་རེད་འདུག་ལ། གཞན་ཡང་དབྱིན་ཡུལ་གྲོས་ཚོགས་དང་མཐོ་སློབ་ཁང་ཁག་གི་ནང་གསུང་བཤད་གནང་རྒྱུ་སོགས་ཀྱི་མཛད་འཆར་སོགས་ཡོད་འདུག།
གསར་འགོད་པ་གུ་རུ་ཆོས་སྐྱིད།