ཀརྨ་པ་ཨྱོན་འཕྲིན་ལས་རྡོ་རྗེ་དང་མཐའ་ཡས་རྡོ་རྗེ་གཉིས་མཇལ་འཕྲད།
2018.10.11
ཀརྨ་པ་ཨྱོན་འཕྲིན་ལས་རྡོ་རྗེ་དང་མཐའ་ཡས་རྡོ་རྗེ་གཉིས་ཧྥ་རན་སིར་མཇལ་འཕྲད་ཐོག་མ་གནང་རྗེས་སྤྱི་བསྒྲགས་ཞིག་སྤེལ་འདུག
དེ་ཡང་ཕྱི་ཟླ་བཅུ་པའི་ཚེས་༡༡ ཉིན་རྒྱལ་བ་ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་དང་མཐའ་ཡས་རྡོ་རྗེ་རྣམ་པ་གཉིས་ཀྱིས་ངོ་གདོང་དྲ་རྒྱའི་ཐོག་ཁོང་རྣམ་གཉིས་ཀརྨ་ཀམ་ཚང་གི་ནང་ཁུལ་མཐུན་བསྒྲིལ་སླད་མཇལ་འཕྲད་གནང་པའི་སྐོར་གྱི་གསལ་བསྒྲགས་ཤིག་སྤེལ་བ་དེའི་ནང་། ཁོང་རྣམ་གཉིས་ཧྥ་རན་སིའི་གྲོང་གསེབ་ཞིག་ཏུ་མཇལ་འཕྲད་ཀྱིས་ཕྱོགས་གཉིས་དབར་གྱི་སྐུ་སྒེར་གྱི་འབྲེལ་བ་གཏིང་གཟབ་ཏུ་གཏོང་གནང་དང་། ལྷག་པར་ཀརྨ་ཀམ་ཚང་གི་བསྟན་པ་སྲ་བརྟན་དང་དར་རྒྱས་གཏོང་ཐབས་སྐོར་བཀའ་བསྡུར་གནང་པ་བཀོད་ཡོད་པ་རེད།
ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་དང་མཐའ་ཡས་རྡོ་རྗེ་རྣམ་གཉིས་སོ་སོས་མཚན་ཡིག་སྐྱོན་པའི་གསལ་བསྒྲགས་དེའི་ནང་། ངེད་གཉིས་ད་རེས་དབེན་ཞིང་བག་ཕེབས་པའི་ཁོར་ཡུག་འདིར་མཇལ་འཕྲད་བྱུང་ཏེ་ཕན་ཚུན་ལ་རྒྱུས་ལོན་བྱ་རྒྱུའི་གོ་སྐབས་བྱུང་བ་དེ་ཤིན་ཏུ་སྐལ་བ་བཟང་ལ། འདི་ནི་ངེད་གཉིས་ཀྱི་ལོ་དུ་མའི་རིང་གི་རེ་བ་ཞིག་ཡིན་ཏེ། ད་ལྟ་མངོན་ཏུ་གྱུར་བ་ནི་ཤིན་ཏུ་དགའ་སྤྲོ་སྐྱེ་འོས་པའི་ཡུལ་དུ་གྱུར་ཅེས་དང་། ཡང་གསལ་བསྒྲགས་དེའི་ནང་མུ་མཐུད། ད་རེས་མཇའ་འཕྲད་འདིའི་དམིགས་ཡུལ་གཙོ་བོ་ནི། ངེད་གཉིས་ཕན་ཚུན་དུས་ཚོད་མང་ཙམ་བཏང་ཏེ་སྐུ་སྒེར་གྱི་འབྲེལ་བ་འཛུགས་རྒྱུ་དང་། བཀའ་མོལ་དང་དགོངས་ཚུལ་ལྷུག་པོ་གནང་ནས་ཐོག་མར་ངོ་ཤེས་བཟང་པོ་ཡོང་བ་དང་། དེ་ལ་བརྟེན་ནས་མ་འོངས་པར་ཡང་ཕན་ཚུན་གྱི་འབྲེལ་བ་གཏིང་ཟབ་ཏུ་གཏོང་རྒྱུ་བཅས་ཡིན་ཞེས་འཁོད་འདུག
ཁོང་རྣམ་གཉིས་ཧྥ་རན་སིའི་གྲོང་གསེབ་ཞིག་ཏུ་མཇལ་འཕྲད་གནང་པ་ལས་དུས་ཚོད་ག་དུས་གནང་མིན་སོགས་གང་ཡང་གསལ་བཤད་གནང་མེད་པ་རེད། ཁོང་རྣམ་གཉིས་ཀྱིས་སྤེལ་བའི་གསལ་བསྒྲགས་དེའི་ནང་མཇལ་འཕྲད་སྐབས་བཀའ་མོལ་ལྷུག་པོ་གནང་པ་བཀོད་ཡོད་པ་རེད། མཇལ་འཕྲད་བྱ་རིང་། ངེད་གཉིས་ཀྱིས་ཀཾ་ཚང་ནང་ཁུལ་དུམ་བུ་གཉིས་སུ་གྱེས་པའི་ཡིད་སྐྱོའི་གནས་ཚུལ་རྣམས་ཇི་ལྟར་སེལ་ཐབས་ཀྱི་སྐོར་བཀའ་མོལ་ལྷུག་པོ་བྱུང་ཞིང་། བསྟན་པ་གཅིག་གྱུར་ཡོང་བའི་སླད་ཐབས་ཤེས་ཡོད་དགུ་རྩལ་སྤྲུགས་བྱེད་དགོས་པ་ནི་ངེད་གཉིས་ཀྱི་འོས་འགན་དང་ལས་འཁུར་ཞིག་ཏུ་ངོས་འཛིན་གནང་གི་ཡོད་པ་བཀོད་ཡོད་པར་མ་ཟད། འདི་ནི་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་མ་འོངས་པའི་གནད་དོན་གལ་ཆེན་ཞིག་དང་། བསྟན་པ་སྤྱི་དང་། འགྲོ་བ་ཡོངས་ཀྱི་ཕན་བདེ་དང་འབྲེལ་བ་ཆགས་པ་ཞིག་ཡིན་པ་ཡང་གསུངས་འདུག
ཕྱི་ལོ་ ༡༩༨༡ ལོར་ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པ་རང་བྱུང་རིག་པའི་རྡོ་རྗེ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་རྗེས་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ཐད་ཐུགས་སྲས་རྒྱལ་ཚབ་རྣམ་པའི་བར་མི་མཐུན་པའི་གནས་ཚུལ་བྱུང་ཞིང་། རྒྱལ་ཚབ་སི་ཏུ་རིན་པོ་ཆེས་མདོ་ཁམས་ལྷ་ཐོག་ཁུལ་དུ་འཁྲུངས་པ་ད་ལྟའི་ཀརྨ་པ་ཨྱོན་འཕྲིན་ལས་རྡོ་རྗེ་མཆོག་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་གནང་ཞིང་། ཡང་མདོ་ཁམས་རྫ་ཆུ་ཁ་རུ་འཁྲུངས་པ་ཀརྨ་པ་མཐའ་ཡས་རྡོ་རྗེ་མཆོག་ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པའི་ཡང་སྲིད་དུ་རྒྱལ་ཚབ་ཞྭ་དམར་རིན་པོ་ཆེ་ཡིས་ངོས་འཛིན་གནང་ཡོད་པ་རེད།
འདི་ལོའི་ཕྱི་ཟླ་བདུན་པའི་ཟླ་མཇུག་ཏུ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བཅར་འདྲིའི་ལེ་ཚན་ཞིག་གི་སྐབས། རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གིས་ཀརྨ་པའི་ཡང་སྲིད་གནད་དོན་གྱི་ཐོག་ནས་ཀརྨ་ཀམ་ཚང་ཐོག་གནད་དོན་ལྷག་པ་དེ་དག་སེལ་ཐབས་ཐད་ཀུན་གཟིགས་ཞྭ་དམར་རིན་པོ་ཆེ་མཆོག་དང་དངོས་སུ་མཇལ་འཕྲད་ཞུས་ཡོད་པ་གསུངས་ཏེ། དཀའ་རྙོག་འདི་སེལ་ཐབས་ཐད་ཐུགས་འདུན་ཆེན་པོ་ཡོད་པ་གསལ་བཤད་གནང་ཡོད་པ་རེད།
གསར་འགོད་པ་ཉི་མ་གཡུ་སྒྲོན།