བཀའ་ཟུར་ཀརྨ་ཡེ་ཤེས་ལགས་བཙན་བྱོལ་བོད་མིའི་ལས་བྱེད་འདེམས་ལྷན་ཚོགས་གཙོ་དང་། དེ་བཞིན་བོད་ཁྱིམ་ཚོང་འབྲེལ་སྡེ་ཚན་གྱི་འགན་འཛིན་ལྷག་པ་རྒྱལ་མཚན་ལགས་རྩིས་ཞིབ་སྤྱི་ཁྱབ་པར་བདམས་ཐོན་བསྐོ་གཞག་བྱུང་འདུག

2024.08.26
བཀའ་ཟུར་ཀརྨ་ཡེ་ཤེས་ལགས་བཙན་བྱོལ་བོད་མིའི་ལས་བྱེད་འདེམས་ལྷན་ཚོགས་གཙོ་དང་།  དེ་བཞིན་བོད་ཁྱིམ་ཚོང་འབྲེལ་སྡེ་ཚན་གྱི་འགན་འཛིན་ལྷག་པ་རྒྱལ་མཚན་ལགས་རྩིས་ཞིབ་སྤྱི་ཁྱབ་པར་བདམས་ཐོན་བསྐོ་གཞག་བྱུང་འདུག བཀའ་ཟུར་ཀརྨ་ཡེ་ཤེས་ལགས།
TPIE

ཕྱི་ལོ་ ༢༠༢༤ལོའི་ཕྱི་ཟླ་ ༨ ཚེས་ ༢༦ ཉིན། སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ཐེངས་ ༡༦༢ པའི་ཐོག བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་བཀའ་ཟུར་ཀརྨ་ཡེ་ཤེས་ལགས། བཙན་བྱོལ་བོད་མིའི་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོར་བདམས་ཐོན་གྱིས་བསྐོ་གཞག་བྱུང་བའི་གསལ་བསྒྲགས་གནང་ཡོད་པ་དང་། བཀའ་ཟུར་ཀརྨ་ཡེ་ཤེས་ལགས་ཐེངས་འདིར་ལས་བྱེད་འདེམས་ལྷན་གྱི་ཚོགས་གཙོར་འོས་འདེམས་བྱུང་བར་དགའ་པོ་བྱུང་ལ། ད་ལྟའི་ཆར་དངོས་སུ་ལས་འཁུར་དང་དམ་བཅའ་ཞུ་རྒྱུ་ལྷག་ཡོད་ན་ཡང་། བོད་མི་མང་སྤྱི་འཐུས་ལྷ་ཚོགས་ཀྱིས་གཏན་འབེབས་གནང་བའི་ལས་བྱེད་འདེམས་ལྷན་གྱི་ཁྲིམས་སྒྲིག་དང་། ལས་བྱེད་འདེམས་ལྷན་རང་གི་ཁྲིམས་དང་སྒྲིག་གཞི་གཞིར་ལ་བཞག་པའི་ཐོག་ནས། བོད་མིའི་སྒྲིག་འཛུགངས་ཀྱི་ལས་བྱེད་ཚོའི་བདེ་སྡུག་ཐད་ཕྱག་ལས་ཧུར་ཐག་གནང་འདོད་ཡོད་ཅེས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བཀའ་ཟུར་ཀརྨ་ཡེ་ཤེས་ལགས་ལས་བྱེད་འདེམས་ལྷན་ཚོགས་གཙོར་བསྐོས་པའི་གསལ་བསྒྲགས་ནང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལེའུ་དགུ་པ། དོན་ཚན་ (༡༠༡) ནང་གསེས་ (༢) པའི་དགོངས་དོན་བཞིན། བཀའ་ཟུར་ཀརྨ་ཡེ་ཤེས་ལགས་དང་། ཀུ་ལུ་ས་གནས་འགོ་འཛིན་ཚུལ་ཁྲིམས་རྡོ་རྗེ་ལགས་རྣམ་གཉིས་འཆར་འབུལ་བྱུང་བར། བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་རྒྱུན་ལས་ལྷན་ཚོགས་ཐེངས་ ༡༦༢ པའི་ཐོག་ངོ་ཡོད་སྤྱི་འཐུས་རྒྱུན་ལས་ ༡༠ ནས་རྒྱུན་ལས་ཚོགས་ཁང་ནང་གསང་བའི་འོས་ཤོག་འཕངས་ཏེ། བཀའ་ཟུར་ཀརྨ་ཡེ་ཤེས་ལགས་སུ་སྤྱི་འཐུས་རྒྱུན་ལས་ཀྱི་རྩ་འབོར་གསུམ་ཆ་གཉིས་ཡན་གྱི་མོས་མཐུན་ཐོག་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོར་བསྐོ་གཞག་གནང་ཡོད་བཀོད་འདུག

བཀའ་ཟུར་ཀརྨ་ཡེ་ཤེས་ལགས་ནི་ཕྱི་ལོ་ ༡༩༦༥ ཟླ་ ༡༠ པའི་ཚེས་ ༡༥ ཉིན་སྐུ་འཁྲུངས་ཤིང་། ཕྱི་ལོ་ ༡༩༨༥ ལོར་ཌལ་ཧོར་བོད་གཞུང་གཏན་སློབ་ནས་འཛིན་རིམ་བཅུ་གཉིས་ཐོན་པ་དང་།  ཕྱི་ལོ་ ༢༠༠༣ ཟླ་ ༣ ཚེས་ ༡༨ ནས་ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༣༡ བར་ལོ་ངོ་བརྒྱད་ལྷག་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་དང་། ཕྱི་ལོ་ ༢༠༠༤ ལོར་སྐབས་ ༡༣ པའི་བར་མའི་འོས་བསྡུའི་ལམ་ནས་དང་། ༢༠༠༦ ལོར་སྤྱི་འཐུས་སྐབས་ ༡༤ པ། ༢༠༡༡ ལོར་སྤྱི་འཐུས་སྐབས་ ༡༥ པ་བཅས་སོ་སོར་དབུས་གཙང་སྤྱི་འཐུས་སུ་འོས་འདེམས་དང་། ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༡ ཉིན་གྲོས་ཚོགས་ནས་བཀའ་ཤག་སྐབས་བཅོ་ལྔ་པའི་བཀའ་བློན་དུ་བདམས་ཐོན་བྱུང་བ་ལྟར་ཕྱི་ལོ་ ༢༠༢༡ ཟླ་ ༥ ཚེས་ ༢༦ བར་ལོ་ངོ་ལྔའི་རིང་དཔལ་འབྱོར་བཀའ་བློན་གྱི་ལས་འཁུར་བཅས་ཞུས་ཡོད་པ་རེད།

456861470_763041935841348_2213693642116531121_n-360x180.png

བོད་ཁྱིམ་ཚོང་འབྲེལ་སྡེ་ཚན་གྱི་འགན་འཛིན་ལྷག་པ་རྒྱལ་མཚན 

རྩིས་ཞིབ་སྤྱི་ཁྱབ་པར་བདམས་ཐོན་བསྐོ་གཞག་བྱུང་བའི་བོད་ཁྱིམ་ཚོང་འབྲེལ་སྡེ་ཚན་གྱི་འགན་འཛིན་ལྷག་པ་རྒྱལ་མཚན་ལགས་ཀྱིས་༡༩༩༡ ནས་ ༡༩༩༦ བར་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་ནང་རྩིས་པ་དང་ལས་ཁུངས་དོ་དམ་པའི་ལས་འཁུར་ཞུས་འདུག་པ་དང་།  བལ་ཡུལ་རྩིས་ཞིབ་ཡན་ལག་ལས་འཁུངས་ཀྱི་འགན་འཛིན་དང་། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དུ་རྩིས་དཔོན་གྱི་ལས་ཁུར་ཞུས་པ། བོད་གཞུང་ནང་སྲིད་ལྷན་ཁང་གི་བཀའ་དགོངས་བཞིན་ཆོད་གན་ཐོག་རྩིས་དཔོན་གྱི་ལས་ཁུར་ཞུས་པ།   ཕྱི་ལོ་ ༢༠༡༤ ནས་བཟུང་བོད་ཁྱིམ་ཚོང་འབྲེལ་སྡེ་ཚན་གྱི་འགན་འཛིན་ལས་ཁུར་ཞུ་མུས་བཅས་ཡིན་འདུག

གསར་འགོད་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎