བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་འདེམས་ལྷན་ཁང་གི་ཚོགས་གཙོ་དང་རྩིས་ཞིབ་ལས་ཁང་གི་སྤྱི་ཁྱབ་རྩིས་ཞིབ་པ་གཉིས་ནས་ལས་འཁུར་དམ་འབུལ་ཞུས་པ།

2024.08.30
བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་འདེམས་ལྷན་ཁང་གི་ཚོགས་གཙོ་དང་རྩིས་ཞིབ་ལས་ཁང་གི་སྤྱི་ཁྱབ་རྩིས་ཞིབ་པ་གཉིས་ནས་ལས་འཁུར་དམ་འབུལ་ཞུས་པ། བཀའ་ཟུར་ཀརྨ་ཡེ་ཤེས་ལགས་དང་ལྷག་པ་རྒྱལ་མཚན་ལགས། ༢༠༢༤།༠༨།༣༠ ཉིན།
RFA/ Tenzin Lekmon

ཕྱི་ལོ་ ༢༠༢༤ ལོའི་ཕྱི་ཟླ་ ༨ པའི་ཚེས་ ༢༦ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བཀའ་ཟུར་ཀརྨ་ཡེ་ཤེས་ལགས་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་དང་། བོད་ཁྱིམ་ཚོང་འབྲེལ་སྡེ་ཚན་གྱི་འགན་འཛིན་ལྷག་པ་རྒྱལ་མཚན་ལགས་ནས་རྩིས་ཞིབ་ལས་ཁང་གི་སྤྱི་ཁྱབ་རྩིས་ཞིབ་པར་འོས་འདེམས་བྱུང་བའི་གསལ་བསྒྲགས་གནང་ཡོད་པ་ལྟར། ཕྱི་ལོ་ ༢༠༢༤ ཟླ་ ༨ པའི་ཚེས་ ༣༠ ཉིན་གྱི་སྔ་དྲོའི་ཕྱག་ཚོད་ ༩།༣༠ ཙམ་ལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེལ་པ་ཚེ་རིང་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གཙོས་པའི་སྤྱི་འཐུས་ཁག་གཅིག་དབུ་བཞུགས་ཐོག སྤྱི་འཐུས་ཚོགས་གཙོ་བསོད་ནམས་བསྟན་འཕེལ་མཆོག་གི་དྲུང་ནས་བཀའ་ཟུར་ཀརྨ་ཡེ་ཤེས་ལགས་ནས་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་དང། བོད་ཁྱིམ་ཚོང་འབྲེལ་སྡེ་ཚན་གྱི་འགན་འཛིན་ལྷག་པ་རྒྱལ་མཚན་ལགས་ནས་རྩིས་ཞིབ་ལས་ཁང་གི་སྤྱི་ཁྱབ་རྩིས་ཞིབ་པའི་ལས་འཁུར་དམ་འབུལ་ཞུས་གནང་སོང་།

དམ་འབུལ་གྲུབ་མཚམས་སུ་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་འདེམས་ཐོན་ཚོགས་ཀརྨ་ཡེ་ཤེས་ལགས་ཀྱིས། ལས་བྱེད་འདེམས་བསྐོ་ལྷན་ཁང་གི་བླང་དོར་སྒྲིག་གཞི་གཙོ་བོ་གཞིར་བཞག་ཐོག་ནས་སྲི་ཞུ་བ་རྣམས་ཀྱི་ནུས་པ་གོང་འཕེལ་ཐད་ལ་ཕྱག་ལས་ཧུར་ཐག་གནང་རྒྱུའི་དམིགས་ཡུལ་ཡོད་ཅེས་འདི་ག་རླུང་འཕྲིན་ཁང་ལ་གསུངས་བྱུང་།

དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ཞིབ་ལས་ཁང་གི་སྤྱི་ཁྱབ་རྩིས་ཞིབ་པར་བདམས་ཐོན་བྱུང་བའི་བོད་ཁྱིམ་ཚོང་འབྲེལ་སྡེ་ཚན་གྱི་འགན་འཛིན་ལྷག་པ་རྒྱལ་མཚན་ལགས་ཀྱིས། ཁོང་ནས་རྩིས་ཞིབ་སྤྱི་ཁྱབ་འགན་འཛིན་ཐོག་བདམས་ཐོན་བྱུང་བ་དེ་ནི་འགན་ལྗིད་པོ་ཞིག་ཡིན་པ་དང་འགན་དེ་དང་མཚུངས་པའི་ཐོག་རང་ནུས་གང་ལྕོགས་ཀྱིས་ཕྱག་ལས་གནང་རྒྱུ་ཡིན་ཞེས་གསུངས་བྱུང་།

དེ་ཡང་ཕྱི་ཟླ་ ༨ པའི་ཚེས་ ༢༦ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བཀའ་ཟུར་ཀརྨ་ཡེ་ཤེས་ལགས་ལས་བྱེད་འདེམས་ལྷན་ཚོགས་གཙོར་བསྐོས་པའི་གསལ་བསྒྲགས་ནང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལེའུ་དགུ་པ། དོན་ཚན་ (༡༠༡) ནང་གསེས་ (༢) པའི་དགོངས་དོན་བཞིན། བཀའ་ཟུར་ཀརྨ་ཡེ་ཤེས་ལགས་དང་། ཀུ་ལུ་ས་གནས་འགོ་འཛིན་ཚུལ་ཁྲིམས་རྡོ་རྗེ་ལགས་རྣམ་གཉིས་འཆར་འབུལ་བྱུང་བར། བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་རྒྱུན་ལས་ལྷན་ཚོགས་ཐེངས་ ༡༦༢ པའི་ཐོག་ངོ་ཡོད་སྤྱི་འཐུས་རྒྱུན་ལས་ ༡༠ ནས་རྒྱུན་ལས་ཚོགས་ཁང་ནང་གསང་བའི་འོས་ཤོག་འཕངས་ཏེ། བཀའ་ཟུར་ཀརྨ་ཡེ་ཤེས་ལགས་སུ་སྤྱི་འཐུས་རྒྱུན་ལས་ཀྱི་རྩ་འབོར་གསུམ་ཆ་གཉིས་ཡན་གྱི་མོས་མཐུན་ཐོག་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོར་བསྐོ་གཞག་གནང་ཡོད་བཀོད་ཡོད་པ་རེད་ལ། བོད་ཁྱིམ་ཚོང་འབྲེལ་སྡེ་ཚན་གི་འགན་འཛིན་ལྷག་པ་རྒྱལ་མཚན་ལགས་ནི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལེའུ་བཅུ་པ། དོན་ཚན་ (༡༠༧) ནང་གསེས་ ༡ (ཀ) པ་དང་། དོན་ཚན་ (༡༠༧) ནང་གསེས་ ༡ (ཁ) པ་བཅས་ཀྱི་དགོངས་དོན་བཞིན། འདེམས་སྒྲུག་ཚོགས་ཆུང་གི་ཚོགས་མི་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་དང་། ཚོགས་མི་བཀའ་ཟུར་ཆོས་སྐྱོང་དབང་ཕྱུག་མཆོག ཚོགས་མི་དབུས་འོས་བསྡུ་འགན་འཛིན་ལས་འཕར་ཟུར་པ་བསོད་ནམས་རྒྱལ་མཚན་མཆོག་བཅས་ལས་གྲུབ་པའི་ཚོགས་ཆུང་ནས། བོད་ཁྱིམ་ཚོང་འབྲེལ་སྡེ་ཚན་གྱི་འགན་འཛིན་ལྷག་པ་རྒྱལ་མཚན་ལགས་དང་། སྔགས་རམས་དགེ་བཤེས་བསྟན་འཛིན་དབང་རྒྱལ་ལགས་རྣམ་གཉིས་འཆར་འབུལ་བྱུང་བར། བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་རྒྱུན་ལས་ལྷན་ཚོགས་ཐེངས་ ༡༦༢ པའི་ཐོག་ངོ་ཡོད་སྤྱི་འཐུས་རྒྱུན་ལས་ ༡༠ ནས་རྒྱུན་ལས་ཚོགས་ཁང་ནང་གསང་བའི་འོས་ཤོག་འཕངས་ཏེ། བོད་ཁྱིམ་ཚོང་འབྲེལ་སྡེ་ཚན་གྱི་འགན་འཛིན་ལྷག་པ་རྒྱལ་མཚན་ལགས་སུ་སྤྱི་འཐུས་རྒྱུན་ལས་ཀྱི་རྩ་འབོར་གསུམ་ཆ་གཉིས་ཡན་གྱི་མོས་མཐུན་ཐོག་རྩིས་ཞིབ་ལས་ཁང་གི་སྤྱི་ཁྱབ་རྩིས་ཞིབ་པར་བསྐོ་གཞག་གནང་ཡོད་པ་ཞིག་རེད་འདུག

གསར་འགོད་པ། བདེ་ཆེན་དབང་མོ།

རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎