ཁ་བྲལ་བར་ངན་འབྲེལ་ཡོད་པར་བསྙད་དེ་བོད་མི་ཀརྨ་བསམ་གྲུབ་ལགས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་འདུག
ཉེ་སྔོན་ཕྱི་ཟླ་༨ཚེས་༡༢ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་ཁུལ་དུ་རྒྱ་ནག་གཞུང་གིས་ཉིན་བརྒྱའི་རྡུང་རྡེག་ལས་འགུལ་ཟེར་བ་སྤེལ་བཞིན་པ་དང་བསྟུན། ཕ་ཡུལ་ནག་ཆུ་རྫོང་གསེར་རྙེད་ཡུལ་ཚོ་ནས་ཡིན་པ་བོད་མི་ཀརྨ་བསམ་གྲུབ་ལགས་ནས། ༸གོང་ས་༸རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་པར་སྐེ་རུ་བཏགས་པ་དང་རླངས་འཁོར་ནང་བཀལ་རྐྱེན། རྒྱ་ནག་གཞུང་འབྲེལ་མི་སྣས་༸གོང་ས་མཆོག་གི་སྐུ་པར་བདག་ཉར་བྱས་སྐོར་བརྗོད་ནས་འཛིན་བཟུང་གིས། ད་ལྟའི་ཆར་ཁོང་གི་གནས་ཚུལ་གང་ཡང་ཤེས་རྟོགས་མེད་པར་གྱུར་ཡོད་པ། བཙན་བྱོལ་ནང་ཡོད་པའི་འབྲེལ་ཡོད་བོད་མི་གཉིས་ནས་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གོང་ཞུས་གནས་ཚུལ་མཁོ་སྤྲོད་པས་མུ་མཐུད་བརྗོད་དོན་ལ། ཁོང་ཉེ་སྔོན་ལྷ་ས་ཁུལ་དུ་དམ་དྲག་དང་སྔོག་བཤེར་ཤུགས་ཆེར་བྱེད་བཞིན་པའི་སྐབས་དང་བསྟུན་འཛིན་བཟུང་བྱས་ཡོད་པ་དང་། ཉེས་འགེལ་གཙོ་བོ་དེ་ཁོང་གི་སྐེ་དང་རླངས་འཁོར་ནང་༧གོང་ས་མཆོག་གི་སྐུ་པར་ཡོད་པ་དང་འབྲེལ། ཁ་བྲལ་རིང་ལུགས་པར་ངན་འབྲེལ་ཡོད་པར་བསྙད་དེ་རླངས་འཁོར་ནང་ཡོད་པའི་༧གོང་ས་མཆོག་གི་སྐུ་པར་ཚང་མ་བཙན་འཕྲོག་གིས་འཛིན་བཟུང་བྱས་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།
ཀརྨ་བསམ་གྲུབ་ལགས་ནི་ལོ་ན་གཞོན་པའི་ཕོ་གསར་ཞིག་དང་། ནམ་རྒྱུན་ཁོང་གིས་༧གོང་ས་མཆོག་གི་སྐུ་པར་སྐེ་ལ་འདོགས་པ་དང་རླངས་འཁོར་ནང་བཞག་གི་ཡོད་འདུག་ལ། ད་ལྟའི་ཆར་བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་དུ་ཏོག་དབྱིབས་རིམས་ནད་ཁྱབ་གདལ་འགྲོ་བཞིན་པ་དང་འབྲེལ། ཁོང་ས་གནས་གང་དུ་བཀག་ཉར་བྱས་ཡོད་མེད་དང།གནས་སྟངས་ག་འདྲ་ཞིག་གི་འོག་ཏུ་ཡོད་མེད་ཤེས་རྟོགས་ཐུབ་ཀྱི་མེད་འདུག་ལ། ཁོང་འཛིན་བཟུང་རྗེས་ནང་དུ་ཨ་མ་དང་སྲིང་མོ་གཅིག་ལས་ནང་མི་གཞན་མེད་པ་རེད་འདུག
གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།