སྐལ་བཟང་ཚེ་རིང་ལ་རྒྱ་ནག་གིས་དུས་བཀག་ཁྲིམས་ཐག་བཅད་འདུག
2015.02.05
སྨར་ཁམས་ཀྱི་སྐལ་བཟང་ཚེ་རིང་ལ་རྒྱ་ནག་གཞུང་གིས་ལོ་གཉིས་དང་ཕྱེད་ཀའི་དུས་བཀག་བཙོན་འཇུག་གི་ཁྲིམས་བཅད་བཏང་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་བ་ལྟར་ན། དེ་རིང་ཕྱི་ཟླ་༢ཚེས་༥ཉིན་བོད་སྨར་ཁམས་ལུགས་བཟང་ནང་ནས་ཡིན་པ་ནོར་འདུས་སྟག་མ་ཚང་གི་བུ་རྒན་ཤོས་སྐལ་གཡང་ངམ་མིང་ངོ་མར་སྐལ་བཟང་ཚེ་རིང་ལ་རྒྱ་ནག་གཞུང་གིས་ལོ་གཉིས་དང་ཕྱེད་ཀའི་དུས་བཀག་བཙོན་འཇུག་གི་ཁྲིམས་བཅད་བཏང་ཡོད་པ་དང་། མིང་འབོད་གནང་འདོད་མེད་པ་ཞིག་གིས་གསུངས་ན། སྐལ་གཡང་ནི་ལོ་ན་༤༨ཡིན་ཞིང་། ལྷ་སར་གནས་སྡོད་བྱེད་མཁན་མོ་ཊའི་ཁ་ལོ་པ་ཞིག་ཡིན་འདུག ཁོང་ཟླ་བ་གསུམ་ཙམ་གོང་སྟོད་རྒྱལ་རྩེ་ཁུལ་ནས་འཇུ་བཟུང་བྱས་འདུག་ཅིང་། ཁོང་ལ་དེ་རིང་ཕྱི་ཟླ་༢ཚེས་༥ཉིན་ལྷ་ས་གྲོང་ཁྱེར་གྲོང་ཁྱེར་མི་དམངས་འབྲིང་རིམ་ཁྲིམས་ཁང་ནས་ཕྱི་ཕྱོགས་སུ་གནས་ཚུལ་མཁོ་སྤྲོད་བྱས་པ་དང་། ལག་ཐོག་ཁ་པར་གྱི་ནང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་ལ་སོགས་པ་ཉར་ཚགས་བྱས་པ། ཕྱི་ཕྱོགས་སུ་བྲོས་བྱོལ་དུ་འགྲོ་ཐབས་བྱས་པ་སོགས་ཀྱི་ནག་ཉེས་སྐྱོན་འཛུགས་ཀྱི་འོག་ལོ་གཉིས་དང་ཕྱེད་ཀའི་བཙོན་དུས་གསལ་བསྒྲགས་བྱས་ཡོད་འདུག
གནས་ཚུལ་འབྱུང་ཁུངས་ཀྱིས་ངོ་སྤྲོད་གནང་དོན་ལྟར་ན། སྐལ་གཡང་ལགས་དེ་སྔོན་ཕྱི་ལོ་ ༢༠༡༢ནས༢༠༡༣བར་དུས་ཡུན་ཟླ་བ་ལྔ་ཙམ་རིང་རྒྱ་ནག་གཞུང་གིས་འཇུ་བཟུང་གིས་བཀག་ཉར་ཡང་བྱས་འདུག་པ་དང་། ཁོང་གི་སྤུན་གཞོན་པ་ནོར་འདུས་སྟག་མ་ཚང་གི་བུ་གཞོན་པ་དངོས་གྲུབ་ཞུ་བ་དེ་ཡང་རྒྱ་ནག་གཞུང་གིས། ༢༠༠༨ལོའི་ས་བྱི་ཞི་རྒོལ་ཆེན་མོའི་ལས་འགུལ་སྣེ་ཁྲིད་པའི་གྲས་སུ་ངོས་འཛིན་གྱིས་༢༠༠༨ལོར་འཇུ་བཟུང་གིས་༢༠༡༢་ལོའི་མཇུག་བར་བཙོན་བཅུག་བྱས་ཤིང་། ད་ཆ་གློད་གྲོལ་ཐོབ་སྟེ་ལྷ་སའི་རང་ཁྱིམ་དུ་གནས་ཡོད་འདུག་ན་ཡང་། གཟུགས་གཞིའི་གནས་བབས་ཧ་ཅང་སྐྱོ་པོ་ཡོད་འདུག
གསར་འགོད་པ་དང་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་ལྡན་བློ་གྲོས།