བཀའ་བློན་ཁྲི་པའི་ཁྲི་འདོན་མཛད་སྒོ།
2011.08.08
༄༅༎བཀའ་བློན་ཁྲི་པ་སྐབས་གསུམ་པའི་ཁྲི་འདོན་མཛད་སྒོ་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་རྭ་བའི་ནང་ཕྱི་ཟླ་བརྒྱད་པའི་ཚེས་༨ཉིན་གཟབ་རྒྱས་ངང་ཚོགས་གནང་ཡོད་པ་རེད་
ཕྱི་ཚེས་༨ཉིན་བོད་མིའི་སྒྲིག་འཛུགས་ཀྱིི་བཀའ་ཁྲི་སྐབས་གསུམ་པ་བློ་བཟང་སེང་གེ་མཆོག་གི་ཁྲི་འདོན་མཛད་སྒོ་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བའི་ནང་གཟབ་རྒྱས་ངང་ཚོགས་ཡོད་ཅིང་ དེ་ཉིན་སྔ་དྲོ་ཚོུད་༧པའི་ཐོག་བཀའ་ཁྲི་མཆོག་གིས་གནས་ཆུང་གྲྭ་ཚང་དང་ དགའ་གདོང་གྲྭ་ཚང་ གཙུག་ལག་ཁང་བཅས་སུ་རིམ་བཞིན་མཆོད་མཇལ་དུ་ཕེབས་རྗེས་ཚོུད་༨དང་སྐར་མ་སུམ་ཅུའི་ཐོག་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་རྭ་བར་བཀའ་དྲུང་མི་འགྱུར་རྡོ་རྗེ་ལགས་ཀྱིས་དངོས་གཞིའི་མཛད་སྒོ་དབུ་འཛུགས་ཁྱབ་བསྒྲགས་གནང་ཡོད་པ་རེད་ མཛད་སྒོའི་ཐོག་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་དང་ ༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་རྒྱ་རི་རིན་པོ་ཆེ་ མང་གཙོའི་ཀ་བ་གསུམ་ལྡན་གྱི་མཛད་གཙོ་རྣམ་པ་ རྒྱ་བལ་གཉིས་ཀྱི་གཙོས་ཕྱི་རྒྱལ་ཡུལ་ཁག་ནས་ཕེབས་པའི་གནད་ཡོད་སྐུ་མགྲོན་དང་ དེ་བཞིན་སྲི་ཞུའི་ལས་བྱེད་རྣམ་པ་ གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་ ཕྱི་ནང་གི་གསར་འགོད་པ་སོགས་ཁྱོན་མི་གྲངས་༣༥༠༠བརྒལ་བ་ལྷན་འཛོམས་ཀྱི་དབུས་སུ་ ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕོ་བྲང་ནས་བདམས་ཐོན་བཀའ་ཁྲི་མཆོག་གིས་སྤོས་སྣེས་སྔོན་བསུས་ནས་གདན་འདྲེན་ཞུས་ཏེ་ཞབས་སྟེགས་སུ་ ༧ཞབས་སོར་འཁོད་བསྟུན་བཀའ་ཁྲི་མཆོག་དང་ བཀའ་བློན་རྣམ་པས་༧གོང་ས་མཆོག་ལ་མཇལ་དར་རྐྱང་འབུལ་དང་ཕྱག་དབང་ཞུས་གྲུབ་མཚམས་ཁྲིམས་ཞིབ་པ་ཆེ་བ་མཆོག་དང་ བདམས་ཐོན་བཀའ་ཁྲི་གསར་པ་མཆོག་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཊལ་རྟེན་གསུམ་འདེགས་འབུལ་ཞུས་ནས་མཛད་སྒོ་ཟབ་རྒྱས་སྒྲུབ་རྗེས་བཀའ་བློན་ཁྲི་པ་མཆོག་ནས་རྒྱལ་སྤྱིའི་གསར་འགོད་པ་ཚོར་ཐུག་ཕྲད་ཀྱང་གནང་ཡོད་འདུག