བོད་ཅེས་པའི་བརྗོད་གཞིའི་མཁས་པའི་ཞུགས་མོལ་ལྷན་ཚོགས།
2011.09.07
༄༅༎བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེངྒེ་མཆོག་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཁོང་ལ་བརྒྱུད་སྤྲོད་གནང་བའི་ཆབ་སྲིད་ཀྱི་དབང་ཚད་དེ་༧རྒྱལ་བ་རིམ་བྱོན་གྱི་ཆབ་སྲིད་སྐུ་དབང་འགན་བཞེས་གནང་བ་དང་གཅིག་མཚུངས་ཁྲིམས་མཐུན་ཡིན་སྐོར་གསུངས་བཞག
རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་ལྦི་ལྦེ་ཀ་ནན་རྡ་རྒྱལ་སྤྱིའི་ཐེབས་རྩ་ཁང་གིས་ཆབ་སྲིད་ཀྱི་འགན་དབང་བརྒྱུད་སྤྲོད་གནང་བའི་རྗེས་ཀྱི་བོད་ ཅེས་པའི་བརྗོད་གཞིའི་ཐོག་ཉིན་གཉིས་ཀྱི་མཁས་པའི་ཞུགས་མོལ་ལྷན་ཚོགས་ཤིག་གོ་སྒྲིག་གནང་ཡོད་པ་དེའི་ཐོག་བཀའ་བློན་ཁྲི་པ་བློ་བཟང་སེངྒེ་མཆོག་གིས་གསུང་གླེང་གནང་སྐབས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་འགོ་ཁྲིད་ལ་ཆབ་སྲིད་ཀྱི་སྐུ་དབང་བརྒྱུད་སྤྲོད་གནང་བའི་སྔ་རྗེས་གཉིས་དབར་ཁྱད་པར་མེད་པའི་སྐོར་འགྲེལ་བརྗོད་དང་འབྲེལ། ༧གོང་ས་མཆོག་དགུང་ལོ་༡༦ལ་ཕེབས་སྐབས་རྒྱལ་ཚབ་སྲིད་སྐྱོང་སྟག་བྲག་རིན་པོ་ཆེའི་ཕྱག་ནས་ཆབ་སྲིད་ཀྱི་སྐུ་དབང་འགན་བཞེས་གནང་བ་དེ་ད་ཆ་ཁོང་ལ་རྩིས་་སྤྲོད་གནང་ཡོད་པ་མ་ཟད། དེའི་གོང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ནས་ཀྱང་ལོ་ངོ་༢༦༠ཐམ་པ་ཕྱིན་པའི་ལོ་རྒྱུས་ཀྱི་ཐམ་ཀ་དེའང་ཁོང་ལ་རྩིས་སྤྲོད་གནང་སོང་ཅེས་གསུངས་བཞག།
དེ་བཞིན་བཀའ་ཁྲི་བློ་བཟང་སེངྒེ་མཆོག་གིས་རྒྱ་དཀར་ནག་གཉིས་དབར་གྱི་འབྲེལ་བའི་ནང་བོད་དེ་གནད་འགག་ཆེ་ལོས་ཇི་ཙམ་ཆགས་ཀྱི་ཡོད་མེད་སྐོར་འགྲེལ་བརྗོད་གནང་སྐབས་ཁྱིམ་མཚེས་རྒྱལ་ཁབ་གཉིས་དབར་འབྲེལ་བ་བཟང་དུ་འགྲོ་གི་ཡོད་པར་བོད་མི་ཚོའི་ངོས་ནས་དགག་ཆ་མེད་ལུགས་གསུངས་བཞག། གོང་ཞུས་བོད་དོན་སྐོར་གི་ཉིན་གཉིས་ཀྱི་ཞུགས་མོལ་ལྷན་ཚོགས་དེའི་ཐོག་གསུང་གླེང་གནང་མཁན་གྱི་གྲས་སུ་བཙན་བྱོལ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང༌། བོད་གཞུང་ཕྱི་དྲིལ་དྲུང་ཆེ་ཐུབ་བསྟན་བསམ་འཕེལ་ལགས། ཝ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་དབུ་འཛིན་སློབ་དཔོན་དགེ་བཤེས་ངག་དབང་བསམ་བསྟན་ལགས་དང༌། ལྡི་ལིའི་རྒྱ་གར་གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་དཔོན་བགྲེས་གཞོན་ཁག་ཅིག་དང༌། ལྷོ་ཤར་ཨེ་ཤི་ཡའི་ཐོག་ཞིབ་འཇུག་གནང་མཁན་ཁག་ཅིག་བཅས་ཡོད་པ་རེད།