བཀའ་ཁྲི་མཆོག་ཨོ་སི་ཀྲོ་ལི་ཡའི་ནང་ཕེབས་འབྱོར།

བཀའ་ཁྲི་མཆོག་ཨོ་སི་ཀྲོ་ལི་ཡའི་གྲོང་ཁྱེར་མེལ་སྦོན་ནང་ཕེབས་འབྱོར་གནང་སྟེ་ཁོང་གིས་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་གསུང་གླེང༌།

2012.06.25

༄༅༎དེ་རིང་ཕྱི་ཟླ་ ༦ ཚེས་ ༢༤ ཉིན་བཀའ་ཁྲི་བློ་བཟང་སེང་གེ་མཆོག་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་མེལ་སྦོན་ནང་ཕེབས་འབྱོར་གནང་ཡོད་པ་དང་ བཀའ་ཁྲི་མཆོག་གིས་གསར་འགོད་ལྷན་ཚོགས་ཤིག་གི་སར་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་ལམ་སྟོན་འོག་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་ཇི་འདྲ་བྱུང་མིན་སྐོར་དང་། ད་ལྟ་བོད་ནང་གི་ཛ་དྲག་གི་གནས་སྟངས་སྐོར་དང་ དེ་བཞིན་རང་ལུས་མེར་སྲེག་བསྟུད་མར་གཏོང་བཞིན་པའི་གནས་སྟངས། དེ་བཞིན་རྒྱ་ནག་གཞུང་གིས་བོད་མིའི་ཐོག་དྲག་གནོན་གྱི་སྲིད་བྱུས་མུ་མཐུད་ལག་བསྟར་བྱེད་བཞིན་པའི་གནས་སྟངས་ཞིབ་ཕྲ་གསལ་བཤད་གནང་ཡོད་པ་མ་ཟད། བོད་མི་ཚོའི་འཐབ་རྩོད་དེ་ནི་ མང་གཙོ་དང་ འཚེ་བ་མེད་པའི་ལམ་གཞི་ལ་བཟུང་བ་ཞིག་ཡིན་སྟབས། རྒྱལ་སྤྱིའི་ནང་ནས་རྒྱབ་སྐྱོར་ཐོབ་བཞིན་ཡོད་སྐོར་སོགས་གསལ་བཤད་གནང་བ་དང་སྦྲགས། བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་ཐབས་ལམ་ཐོག་ནས་བོད་དོན་བདེན་མཐའ་སེལ་ཐབས་དང་གལ་ཏེ་རྒྱ་ནག་མང་གཙོ་ཅན་དུ་གྱུར་ན་བོད་མིའི་རང་དབང་ལ་ཕན་འབྲས་ཇི་བྱུང་སྐོར་སོགས་ཀྱི་དྲི་བར་ལན་འདེབས་དང་གསལ་བཤད་ཞིབ་ཕྲ་གནང་བཞག།

ཡང་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་ལ་བོད་ཀྱི་དཀའ་རྙོགས་དེ་སེལ་ཐུབ་པར་ཡིད་ཆེས་གནང་གི་ཡོད་དམ་ཞེས་བཀའ་འདྲི་ཞུས་པའི་ལན་དུ་ བཀའ་ཁྲི་མཆོག་གིས་ འཇར་མན་གྱི་གྱང་ཆེན་མེད་པ་ཆགས་ནས་ལྷོ་ནུབ་འཇར་མན་རྒྱལ་ཁབ་གཅིག་ཆགས་པ་དང་ ལྷོ་ཨབ་རི་ཀའི་དབུ་ཁྲིད་ནེལ་སེན་མན་ཌེ་ལ་ མི་ལོ་༢༧བཙོན་ཁང་དུ་ཞུགས་རྗེས་གློད་གྲོལ་ཐོབ་པ་  དེ་བཞིན་འབར་མའི་དབུ་ཁྲིད་ལྕམ་ཨང་སན་སུ་ཆི་མཆོག་བསྐྱར་དུ་གྲོས་ཚོགས་ནང་ཕེབས་ཐུབ་པ་སོགས་ མང་པོ་ཞིག་གི་བསམ་ཡུལ་དུ་མེད་པའི་གནས་ཚུལ་མང་པོ་ཞིག་དངོས་སུ་བྱུང་ཡོད་སྟབས་ ངས་ག་རེ་ཡིན་ཀྱང་ཡོང་སྲིད་པར་ཡིད་ཆེས་བྱེད་ཀྱི་ཡོད་ཅེས་གསུང་བཞག། ཡང་བཀའ་ཁྲི་མཆོག་གིས་ ཁོང་ཨོ་སི་ཀྲོ་ལི་ཡའི་ནང་ཞུགས་རྒྱུན་རིང་ ཡུལ་དེའི་ཆབ་སྲིད་ཀྱི་དབུ་ཁྲིད་རྣམས་ལ་བོད་ཀྱི་གནས་སྟངས་ཇེ་སྡུག་ཇི་སྡུག་ཏུ་འགྲོ་བཞིན་པའི་སྐོར་འགྲེལ་བརྗོད་ཞུ་གི་ཡིན་ཞེས་གསུང་འདུག་ལ་ ལྗང་ཁུ་ཚོགས་པའི་དབུ་ཁྲིད་ཟུར་པ་སྦོབ་སྦ་རའོན་མཆོག་གིས་ཀྱང་ ཨོ་སི་ཀྲོ་ལི་ཡའི་ནང་བོད་ལ་རང་སྲིད་རང་སྐྱོང་ཡོང་ཐབས་སུ་རྒྱབ་སྐྱོར་ཞུ་མཁན་ ཧ་ཅང་མང་པོ་ཡོད་སྐོར་གསུང་བཞག། འོན་ཀྱང་ཨོ་སི་ཀྲོ་ལི་ཡའི་ཕྱི་འབྲེལ་བློན་ཆེན་སྦོབ་ཁའར་དང་ ཕྱོགས་འགལ་ཚོགས་པའི་མགྲིན་ཚབ་མ་ཇུ་ལི་སྦི་ཤོབ་ཀྱིས་བཀའ་ཁྲི་མཆོག་མཇལ་འཕྲད་ཞུ་རྒྱུར་ངོས་ལེན་གནང་མེད་པའི་གནས་ཚུལ་འདུག་།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎