བཀའ་བློན་ཁྲི་པས་རྒྱལ་སྤྱིའི་ལྷན་ཚོགས་སུ་མཉམ་ཞུགས།

༧གོང་ས་མཆོག་གི་སྐུ་ཚབ་ཞུས་ཏེ་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་གྱི་རྒྱལ་སྤྱིའི་་ལྷན་ཚོགས་སུ་མཉམ་ཞུགས་གནང་འདུག

2012.04.25

༄༅༎བཀའ་བློན་ཁྲི་པ་མཆོག་ནས་༧གོང་ས་མཆོག་གི་སྐུ་ཚབ་ཞུས་ཏེ་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་གྱི་རྒྱལ་སྤྱིའི་་ལྷན་ཚོགས་སུ་མཉམ་ཞུགས་གནང་ཡོད་འདུག
ཕྱི་ཟླ་བཞི་པའི་ཚེས་༢༣ནས་༢༥བར་ཉིན་གྲངས་གསུམ་གྱི་རིང་ཨ་རིའི་གྲོང་ཁྱེར་ཆི་ཁ་གོའོ་ནང་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་གྱི་རྒྱལ་སྤྱིའི་ལྷན་ཚོགས་ཐེངས་༡༢སྐབས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་ལགས་ཀྱིས་༧གོང་ས་མཆོག་གི་སྐུ་ཚབ་ཞུས་ཏེ་ཚོགས་ཆེན་དུ་ལྷན་ཞུགས་གནང་ཡོད་པ་དང་ལྷན་ཚོགས་དེར་འཛམ་གླིང་ནང་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་གྱི་རྒྱལ་སྤྱིའི་སྙན་གྲགས་ཆེ་བའི་མི་སྣ་ཨུ་རུ་སུའུ་སྲིད་འཛིན་ཟུར་པ་སྐུ་ཞབས་མི་ཀེལ་གོར་རྦ་ཆེལྦ་མཆོག་དང་ ལྷོ་ཨ་ཕེ་རི་ཀའི་སྲིད་འཛིན་ཟུར་པ་ཊི་ཀ་ལག་མཆོག་ ཨ་རིའི་སྲིད་འཛིན་ཟུར་པ་ཇིམ་མི་ཁའར་ཀྲར་མཆོག་ པོ་ལན་ཊིའི་སྲིད་འཛིན་ཟུར་པ་སྐུ་ཞབས་ལེཀ་ལྦ་ལེ་ས་མཆོག དེ་བཞིན་ཨི་རན་གྱི་ལྕམ་ཤི་རིན་ཨི་སྦ་ཊི་མཆོག་སོགས་ལྷན་ཚོགས་གནང་ཡོད་འདུག གོང་ཞུས་ཚོགས་བཞུགས་མི་སྣ་ཚོའི་དབར་རང་དབང་དང་ཐོབ་ཐང་སྲུང་སྐྱོབ་ཀྱི་འབོད་སྒྲ་སྒྲོག་དགོས་ཞེས་པའི་བརྗོད་གཞིའི་ཐོག་བཀའ་མོལ་གནང་ཡོད་པ་དང་ ལྷན་ཚོགས་དབུ་འབྱེད་མཛད་སྒོའི་གསུང་བཤད་གནང་སྐབས་ ཨ་རིའི་སྲིད་འཛིན་ཟུར་པ་ཇིམ་མི་ཁའར་ཀྲར་མཆོག་གིས་འཛམ་གླིང་ནང་ཞི་བདེ་དང་དྲང་བདེན་ འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་འགན་གཙོ་བོ་ཨ་རིས་སྣེ་ཁྲིད་དགོས་པའི་སྐོར་དང་ དེ་བཞིན་དམག་འཐབ་ཀྱི་ལས་གཞི་དེ་མཐར་ཐུག་གི་བདམས་ཁ་ཞིག་ལས་གོ་སྐབས་ནམ་བྱུང་ ལ་དམག་འཐབ་བྱས་ཚེ་ཕན་པ་ལས་གནོད་པ་ཆེ་བ་ཡོད་ཚུལ་སོགས་གསུང་བཤད་གནང་ཡོད་ཅིང་ ལྷན་ཚོགས་རིང་བཀའ་བློན་ཁྲི་པ་མཆོག་གིས་ནོ་བེའི་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ལྷོ་ཨ་ཕེ་རི་ཀའི་སྲིད་འཛིན་ཟུར་པ་ སྐུ་ཞབས་ཊི་ཀ་ལག་མཆོག་དང་ ཨ་རི་ནས་ཡིན་པའི་ལྕམ་ཇོ་ཊི་ལྦིལ་ཡམ་སི་མཆོག་ ཨི་རང་ནས་ཡིན་པ་ལྕམ་ ཤི་རིན་ ཨི་སྦ་ཊི་མཆོག་བཅས་དང་ཟུར་མཇལ་ཡང་གནང་ཡོད་འདུག དེ་བཞིན་ལྷན་ཚོགས་མཇུག་བསྡོམས་ཀྱི་མཛད་སྒོའི་ཐོག་ད་ལྟའི་བོད་ནང་གི་གནད་དོན་དང་རྡ་སར་བོད་མིའི་ཆབ་སྲིད་ཀྱི་འགོ་ཁྲིད་འཕོ་འགྱུར་སྐོར་བཀའ་ཁྲི་མཆོག་ནས་གསུང་བཤད་གནང་ཡོད་པ་སོགས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་འཁོད་འདུག་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎