ཤེས་རིག་བཀའ་བློན་མཆོག་གིས་བོད་མིའི་སློབ་གྲྭ་ཁག་གཙོས་རྒྱ་གར་ལྷོ་ཕྱོགས་སུ་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་འདུག

2024.07.17
ཤེས་རིག་བཀའ་བློན་མཆོག་གིས་བོད་མིའི་སློབ་གྲྭ་ཁག་གཙོས་རྒྱ་གར་ལྷོ་ཕྱོགས་སུ་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་འདུག ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་ལགས་མོན་གྷོ་སམ་བྷོ་ཌའི་གཏན་སློབ་ནང་འཚམས་གཟིགས་སྐབས། ༠༧།༡༧།༢༠༢༤
པདྨ་དངོས་གྲུབ། /RFA

ཟླ་བ་འདིའི་ཕྱི་ཚེས་༡༦་ཉིན་ནས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་ལགས་ཀྱིས། རྒྱ་གར་ལྷོ་ཕྱོགས་བྷེང་ལོར་གཙོས་ལྷོ་ཕྱོགས་བོད་མིའི་སློབ་གྲྭ་སོགས་ཀྱི་ནང་ཉིན་གྲངས་༡༦་རིང་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་པའི་མཛད་རིམ་གྱི་ཐོག་མ། མོན་གྷོ་འདོད་རྒུ་གླིང་ནས་དབུ་བཙུགས་གནང་ཡོད་པ་དང་། གཞིས་ཆགས་དེའི་སམ་བྷོ་ཌའི་གཏན་སློབ་ཀྱི་ནང་གཟིགས་སྐོར་དང་མཉམ་སློབ་གྲྭ་དེའི་དགེ་ལས་སློབ་ཕྲུག་རྣམས་ལ་གསུང་བཤད་གནང་སྐབས། ཁོང་གིས་ལོ་ངོ་༣༧་རིང་བོད་པའི་སློབ་གྲྭ་ཁག་གི་ནང་དམའ་རིམ་ནས་སློབ་སྤྱི་བར་གནས་རིམ་འདྲ་མིན་བཟུང་ཏེ་གཙོ་བོ་སྤྱི་ནོར་༧གོང་སྐྱབས་མགོན་ཆེན་པོ་མཆོག་བཀའ་དྲིན་སྙིང་ལ་བཅངས་ནས་ལས་དོན་ཧུར་ཐག་གནང་ཡོད་ཚུལ་དང་། སློབ་ཕྲུག་ཚོས་ཀྱང་མགོན་པོ་གང་ཉིད་ཀྱི་བཀའ་དྲིན་བསམ་ཤེས་ཀྱིས་ཤེས་ཡོན་སློབ་སྦྱོང་ལ་ཧུར་བརྩོན་གནང་དགོས་པའི་ལམ་སྟོན་གནང་བ་དང་མཉམ། སློབ་སྤྱི་དང་དགེ་རྒན་རྣམ་པ་ཚོས་སློབ་ཕྲུག་ཚོས་ཉེས་སྐྱོན་གང་བྱས་པ་ཡིན་ན་བཟོད་སྒོམ་བྱས་ནས་སྡོད་ཐབས་མེད་པར་ཐེར་འདོན་གྱིས་གང་དགའ་ཅི་ལེགས་ཀྱི་ཐབས་ལམ་འཚོལ་དགོས་པའི་སྐུལ་མ་གནང་བ་དང་། སློབ་ཕྲུག་ཚོས་ཤེས་ཡོན་དང་མཉམ་དུ་རང་གི་འཕྲོད་བསྟེན་ལ་དོ་སྣང་གཟབ་ནན་དགོས་པ་དང་། གལ་སྲིད། འཕྲོད་བསྟེན་ཡག་པོ་མེད་པ་ཡིན་ན་ལས་དོན་གང་ཡང་སྒྲུབ་ཐུབ་རྒྱུ་མིན་པ་སོགས་གསུངས་ཡོད་པ་རེད།
གཞན་ཡང་བཀའ་བློན་མཆོག་གིས། བོད་ཕྲུག་ཚོས་དབྱིན་ཇི་སློབ་གྲྭ་ལ་མཐོང་ཆེན་རྩིས་ཏེ་བོད་གཞུང་སློབ་གྲྭ་ལ་མཐོང་ཆུང་བྱ་ཐབས་མེད། གང་ལགས་ཞེས་ན། དེང་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་བོད་པའི་སློབ་གྲྭ་ཁག་ནས་སློབ་ཐོན་བྱུང་བ་ཞིག་ཡིན་དུས། བོད་པའི་སློབ་གྲྭ་ཁག་ལ་༧གོང་ས་མཆོག་གི་ཐུགས་རྗེ་བྱིན་རླབས་ཡོད་དུས་བོད་ཕྲུག་ཚོར་བོད་གཞུང་སློབ་གྲྭའི་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་ཐོབ་པ་དེ་སོ་སོའི་བསོད་ནམས་ཀྱི་གོ་སྐལ་ཞིག་ལ་ངོས་འཛིན་གྱིས་སློབ་ཕྲུག་ཚོས་སློབ་སྤྱི་དང་དགེ་ལས་རྣམས་པའི་ལམ་སྟོན་ལྟར་ཤེས་ཡོན་དང་སྒྲིག་ལམ་ཀུན་སྤྱོད་ཐོག་ཤུགས་གནོན་རྒྱབ་ཏེ་ཕ་མ་དང་གཞིས་མི་ཚོ་དགའ་སྤོབས་སྐྱེས་ཐུབ་པ་བྱེད་དགོས། དེ་ལྟར་བྱུང་བ་ཡིན་ན་རྒྱལ་བ་དགྱེས་པའི་མཆོད་སྤྲིན་ཞིག་འགྱུར་རྒྱུ་ཡིན་པ་གསུངས་ཡོད་པ་རེད།
ཤེས་རིག་བཀའ་བློན་མཆོག་གིས་མུ་མཐུད་དུ་ཉིན་གསུམ་གྱི་རིང་ས་གནས་ཀྱི་སློབ་གྲྭ་དང་། སྔོན་འགྲོའི་སློབ་གྲྭ་ཁག་ལ་གཟིགས་སྐོར་དང་མང་ཚོགས་ལ་གསུང་བཤད་གནང་རྒྱུ་དང་། དེ་མིན་ས་གནས་ཀྱི་དགོན་སྡེ་ཁག་ལ་གནས་གཟིགས་ཕེབས་རྒྱུ་སོགས་ཀྱི་མཛད་འཆར་ཡོད་པ་ས་གནས་འགོ་འཛིན་ལྷག་པ་སྒྲོལ་མ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
ད་ལན་ཤེས་རིག་བཀའ་བློན་མཆོག་དང་ལྷན་དུ་སམ་བྷོ་ཌའི་སྤྱི་ཁྱབ་འགན་འཛིན་ཚེ་རིང་དོན་གྲུབ་ལགས་ལྷན་བཅར་གནང་ཡོད་པ་དང་། བཀའ་བློན་མཆོག་གིས་མོན་གྷོ་གཞིས་ཁུངས་ཀྱི་ནང་འཚམས་གཟིགས་འགྲུབ་རྗེས། རྒྱ་གར་ལྷོ་ཕྱོགས་བྷེང་ལོར་དང་། ཀོ་ལེ་གྷལ། དེ་བཞིན་མེའི་སོར་དང་ཧོན་སུར། སྦེ་ལ་ཀོ་པི་བཅས་ཀྱི་ནང་འཚམས་གཟིགས་གནང་གི་ཡོད་པ་དང་། ལྕམ་ལྕང་ར་ཐར་ལམ་སྒྲོན་ལགས་ཀྱིས་ཕྱི་ལོ་༢༠༢༡་ཟླ་༡༡་པའི་ཚེས་༡༡་ཉིན་ཤེས་རིག་བཀའ་བློན་གྱི་མཛད་འཁུར་བཞེས་པའི་རྗེས་ད་ལན་རྒྱ་གར་ལྷོ་ཕྱོགས་ཁུལ་དུ་འཚམས་གཟིགས་ཆེད་ཕེབས་པ་ཐེངས་དང་པོ་དེ་ཆགས་ཀྱི་ཡོད་པ་རེད།

Education-Kalon-presenting-Manjushri-statue-to-CBSE-Secretary-Shri-Himanshu-Gupta.jpeg
པར། CTA
དེའི་སྔོན་ཚེས་༡༥ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་ལགས་ཀྱིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྒྱ་གར་རྒྱལ་ཡོངས་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ཀྱི་དྲུང་ཆེ་(Himanshu Gupta)་ལགས་དང་མཇལ་འཕྲད་གནང་སྟེ། དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་གི་སློབ་གྲྭ་དེ་བཞིན་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་སུ་ཁོངས་སུ་འཇུག་རྒྱུར་དམིགས་བསལ་དགོངས་བཞེས་ཡོང་བའི་རྒྱབ་གཉེར་རེ་སྐུལ་ཞུས་ཡོད་པ་དང་། དྲུང་ཆེ་མཆོག་གིས་རྒྱབ་གཉེར་སྙན་ཞུར་གཟིགས་ཞིབ་ཀྱིས་རྒྱབ་སྐྱོར་གནང་ཐབས་གནང་རྒྱུ་ཡིན་པ་གསུངས་ཡོད་འདུག་ལ། བཀའ་བློན་མཆོག་གིས་ལྡི་ལིར་གནས་འཁོད་ལེགས་སྦྱར་གོང་འཕེལ་ཐེབས་རྩའི་སྤྱི་ཁྱབ་འགན་འཛིན་(K. Lakhsminarasimhan)་ལགས་དང་མཇལ་མོལ་གནང་ཡོད་འདུག


གསར་འགོད་པ། པདྨ་དངོས་གྲུབ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎