ཕྱི་དྲིལ་བཀའ་བློན་གྱིས་ཁེ་ཎ་ཌར་བོད་མིར་འཚམས་འདྲི།
2012.05.08
༄༅༎བཙན་བྱོལ་བོད་གཞུང་གི་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་ལགས་ཁེ་ན་ཌ་ཁུལ་དུ་དུས་ཚོད་ཐུང་ངུ་བཞུགས་རིང་གི་ལས་རིམ་ནང་ཁེ་ན་ཌའི་གྲོང་ཁྱེར་ཁེལ་ག་རི་ནང་གི་བོད་མི་གནས་སྡོད་བྱེད་ཡུལ་དུ་འཚམས་འདྲིར་ཕེབས་ཡོད་པ་རེད།
་རེས་གཟའ་སྤེན་པའི་ཉིན་བཀའ་བློན་བདེ་སྐྱིད་ཆོས་དབྱངས་ལགས་ཁེ་ན་ཌའི་ནུབ་ཕྱོགས་ཞིང་ཆེན་ཨེལ་སྦར་ཊ་ནང་དུ་ཡོད་པའི་བོད་མི་གནས་སྡོད་བྱེད་ཡུལ་དུ་འཚམས་འདྲིར་ཕེབས་ཏེ། དེའི་ཁུལ་གྱི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་མི་རྣམས་དང་ལྷན་འཛོམས་གནང་སྟེ། བོད་མིའི་ལས་དོན་འཆར་གཞིའི་ཐོག་བཀའ་བསྡུར་གནང་ཡོད་པ་རེད། དེ་རྗེས་ཉིན་དགུང་རྒྱབ་ཏུ་དེའི་ཁུལ་དུ་གནས་སྡོད་བོད་མི་རྣམས་འདུ་འཛོམས་ཐོག་ལ་བཀའ་ཤག་གི་འཚམས་འདྲི་དང༌། ལྷག་དོན་ཁེ་ན་ཌའི་གཞུང་གིས་རྒྱ་གར་གྱི་ཨ་རུ་ན་ཅལ་མངའ་སྡེའི་ནང་གི་བོད་མིའི་གཞིས་ཆགས་ཁག་ནས་བོད་མི་ཆིག་སྟོང་ཁེ་ན་ཊར་སྐྱབས་བཅོལ་དུ་ལེན་རྒྱུའི་ཞལ་བཞེས་ཐོབ་པའི་ལས་དོན་འཆར་གཞིར་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཀྱང་གནང་ཡོད་པ་མ་ཟད། ད་དུང་ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་དང༌། བོད་མི་ནང་ཁུལ་དུ་ཆིག་སྒྲིལ་གལ་འགངས་ཆེན་པོ་ཡིན་པ། བོད་མི་ན་གཞོན་ཚོས་སོ་སོའི་ས་གནས་ཀྱི་བོད་རིགས་ཚོགས་པ་དང་དེ་བཞིན་དུ་ཁེ་ན་ཊ་བོད་དོན་རྒྱབ་སྐྱོར་ཚོགས་པ་ལྟ་བུ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལས་དོན་ནང་མཉམ་ཞུགས་བྱ་རྒྱུ། བཙན་བྱོལ་བོད་མིའི་འཛིན་སྐྱོང་བཀའ་ཤག་གི་ལས་དོན་དང་འབྲེལ་བའི་སྐོར། བཙན་བྱོལ་བོད་གཞུང་གི་ལས་དོན་དང་སྲིད་ཇུས་སྐོར་གྱི་གནས་ཚུལ་རྣམས་མཁྱེན་རྟོགས་ཡོང་སླད་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་བརྙན་འཕྲིན་Tibetonline.TV དང་Tibet.net ཞེས་པའི་དྲ་རྒྱའི་གསར་འགྱུར་ཐོག་དུས་རྟག་ཏུ་གཟིགས་རྒྱུ་གལ་འགངས་ཆེན་པོ་ཡིན་པའི་སྐོར་འགྲེལ་བརྗོད་གནང་ཡོད་པ་རེད། དེ་ནས་ཁེ་ན་ཌའི་གྲོང་ཁྱེར་ཁེལ་ག་རི་ནང་བོད་མི་གནས་སྡོད་བྱེད་ཡུལ་དུ་འཚམས་འདྲིར་ཕེབས་ཡོད་པ་རེད།