རྙིང་མ་དང་བཀའ་བརྒྱུད་སྨོན་ལམ་ཆེན་མོ་རྡོ་རྗེ་གདན་དུ་ཚོགས་བཞིན་འདུག
2020.02.03
རྙིང་མ་དང་བཀའ་བརྒྱུད་སྨོན་ལམ་ཆེན་མོ་གནས་མཆོག་རྡོ་རྗེ་གདན་དུ་སོ་སོར་འཚོགས་བཞིན་པའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ཕེབས་འདུག
རྒྱ་གར་གྱི་གནས་མཆོག་རྡོ་རྗེ་གདན་དུ་རྒྱལ་ཡོངས་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་སྐབས་༣༡་དང་། རྒྱལ་ཡོངས་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་༣༧་བཅས་ཚོགས་ཀྱི་ཡོད་པ་དང་། དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་སྤྱི་ཚེས་༢་ཉིན་ཚོགས་ཆེན་སོ་སོར་ཆེད་ཕེབས་ཀྱིས་སྨོན་ལམ་གྱི་ཚོགས་མགོན་དུ་བཞུགས་པའི་བླ་ཆེན་རྣམ་པར་འཚམས་ཞུའི་མཇལ་བཅར་དང་སྨོན་ལམ་ཐོག་ལྷན་ཞུགས་གནང་ཡོད་འདུག
སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་དེ་འཛམ་གླིང་ཞི་བདེའི་ཆེད་བསྐོངས་འཚོགས་གནང་གི་ཡོད་ཅིང་། དེ་ཡང་བོད་ཟླ་བཅུ་གཉིས་པའི་ཚེས་ ༡ ་ནས་ཚེས་ ༡༠་ བར་གནང་སྲོལ་ཡོད་འདུག ད་ཐེངས་ཀྱི་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་དེ་ཐེངས་ ༣༡ ་པ་དེ་ཆགས་ཀྱི་ཡོད་པ་དང་དེར་འཛམ་གླིང་གི་དགོན་སྡེ་ཁག་ ༢༤༢ ་ནས་དགེ་འདུན་པ་དང་བཙུན་མ་དང་སྔགས་པ་བཅས་པ་དད་ལྡན་པ་སྟོང་ཕྲག་མང་པོ་མཉམ་ཞུགས་གནང་ཡོད་འདུག
ཡང་བཀའ་བརྒྱུད་སྨོན་ལམ་དེ་ལོ་ལྟར་གནས་མཆོག་རྡོ་རྗེ་གདན་དུ་བསྐོངས་འཚོགས་གནང་གི་ཡོད་པ་ལྟར། ད་ཐེངས་ཀྱི་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་ ༣༧ པའི་སྔོན་འགྲོའི་གསུང་ཆོས་དབུ་འཛུགས་ཀྱིས་ཕྱི་ཟླ་ ༢ ་ཚེས་ ༩ ་བར་དངོས་གཞི་འཚོགས་བཞིན་ཡོད་པ་རེད། འཛམ་གླིང་གི་ས་ཕྱོགས་གང་ས་ནས་བཀའ་བརྒྱུད་པའི་ཆོས་ལུགས་ཉམས་ལེན་བྱེད་མཁན་དད་ལྡན་པ་སྟོང་ཕྲག་མང་པོ་ཞིག་མཉམ་ཞུགས་བྱེད་ཡོད་པ་རེད།
སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་རྡོ་རྗེ་གདན་གྱི་གཞུང་དོན་ཕྱོགས་བསྐྱོད་དེར་དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་དབུ་དཀར་ཚང་སྐལ་རྡོར་ལགས་ཀྱང་མཉམ་ཞུགས་གནང་ཡོད་པ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གསལ་འདུག