བོད་དང་རྒྱ་ནག་ཧི་མ་ལ་ཡ་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང༌།
2016.12.27

༄༅། །ཟླ་བ་འདིའི་ཕྱི་ཚེས་༢༧ཉིན། བཞུགས་སྒར་རྡ་རམ་ས་ལར་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་ལགས་གཙོ་བཞུགས་ཐོག ཨིན་ཡུལ་ཝེ་སི་མིན་སི་ཊར་གཙུག་ལག་སློབ་གྲྭའི་ཆབ་སྲིད་དང་རྒྱལ་སྤྱིའི་འབྲེལ་ལམ་ཚན་པའི་འགན་འཛིན་སྐུ་ཞབས་ ལྡིབ་ཡེ་ཤི་ཨཱ་ནནྡ་( Dibyesh Anand) དང་། གཙུག་ལག་སློབ་ཁང་དེ་ཉིད་ཀྱི་འབུམ་རམས་པ་ལྕམ་ནི་ཏ་ཤ་ཀོལ་Dr.Nitasha Kaul ་དེ་བཞིན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས་སོགས་དང་། སྲི་ཞུའི་ལས་བྱེད་བཅས་ཚང་འཛོམས་ཐོག བོད་དང་རྒྱ་ནག ཧི་མཱ་ལ་ཡ། ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ལྷན་ཚོགས་ཤིག་བསྐོངས་ཚོགས་གནང་ཡོད་པ་དང༌། ཐོག་མར་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས་ནས་ཕེབས་བསུའི་གསུང་བཤད་གནང་བའི་རྗེས། སྲིད་སྐྱོང་མཆོག་གིས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དེ་བཞིན་བཀའ་ཤག་གི་ལྔ་དང་ལྔ་བཅུའི་སྲིད་བྱུས་ཀྱི་ཆ་ཤས་གལ་ཆེན་ཞིག་ཡིན་པ་དང་། སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཚོར་ཉམས་ཞིབ་ལས་དོན་དང་འབྲེལ་བའི་ཤེས་བྱ་གོང་སྤེལ་གཏོང་ཆེད་དུ་མཁས་དབང་ཁག་ཅིག་གདན་ཞུ་གནང་འཆར་ཡོད་པའི་སྐོར་དང་། འབྱུང་འགྱུར་བོད་རིགས་ཉམས་ཞིབ་པ་གང་མང་རྒྱལ་སྤྱིའི་སྡིངས་ཆའི་སྟེང་འཐོན་ཐུབ་པའི་རེ་བ་དང་དེའི་ཐད་བཀའ་ཤག་ནས་ལམ་གྲོན་གྱི་མཐུན་འགྱུར་ཡང་གང་འཚམ་སྦྱར་རྒྱུའི་འཆར་གཞི་བང་སྒྲིག་ཡོད་པའི་སྐོར་སོགས་གསུངས་འདུག།
ཚོགས་འདུ་དེ་བཞིན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དང་དབྱིན་ཡུལ་རྒྱལ་ས་ལོན་ཌོན་དུ་རྟེན་གཞི་བྱས་པའི ཝེ་སིཊ་མིན་སི་ཊར་་( Westminster) མཐོ་སློབ་ཀྱི་མང་གཙོ་ལྟེ་གནས་ཁང་གཉིས་ཟུང་སྦྲེལ་ཐོག་གོ་སྒྲིག་གནང་བ་ཞིག་ཡིན་པ་དང་། ལོན་ཌོན་དུ་རྟེན་གཞི་བྱས་པའི་ཝེ་སིཊ་མིན་སི་ཊར་གཙུག་ལག་སློབ་ཁང་དེའི་སློབ་དཔོན་ Dibyesh Anand དང་འབུམ་རམས་པ་ལྕམ་སྐུ་Dr. Nitasha Kaul རྣམ་གཉིས་ཆེད་ཕེབས་ཀྱིས། རྒྱ་ནག་གི་མི་སེར་སྤེལ་ཡུལ་རིང་ལུགས་དང་དེ་འབྲེལ་བོད་དང་རྒྱ་གར་སོགས་ཀྱིས་གདོང་ལེན་བྱེད་དགོས་པའི་གནད་དོན་ཇི་ཡོད་སྐོར། དེ་བཞིན་འབྲུག་དང་ཧི་མཱ་ལ་ཡ་ཁུལ་གྱི་ས་བབ་གནས་སྟངས་སོགས་ཀྱི་སྐོར་གསུང་བཤད་དང་དྲི་བ་དྲིས་ལན་གནང་ཡོད་པ་དང་ཕྱོགས་མཚུངས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་པ་རྣམ་པས་ཀྱང་མཐོ་སྒང་བོད་དུ་རྒྱ་ནག་གཞུང་གིས་དབང་འཛིན་བྱས་པའི་རྗེས་སུ་བོད་ཀྱི་ས་བབ་ཀྱི་གནས་སྟངས་དང་། བོད་ཀྱི་གཙང་ཆུ་ཁ་ལོ་བསྒྱུར་ཐབས་ཀྱི་དམིགས་ཡུལ། བོད་ཀྱི་རིག་གཞུང་རྩ་བརླག་ཏུ་གཏོང་རྒྱུའི་དམིགས་ཡུལ་སྐོར་སོགས་ཀྱི་ཐད་ཉམས་ཞིབ་གནང་བའི་བརྗོད་གཞི་ཁག་གི་ཐོག་གསུང་བཤད་དང་ཚོགས་བཅར་བ་ཚོའི་དྲི་བར་ལན་འདེབས་ཡང་གནང་ཡོད་འདུག།
གསར་འགོད་པ་འཆི་མེད།