ཧོང་ཀོང་ཁྲིམས་ཁང་ནས་དབྱིན་ཇིའི་ཁྲིམས་རྩོད་པ་གླ་རྒྱུའི་རེ་ཞུར་ངོས་ལེན་བྱས་མེད་པ།
ཟླ་བ་འདིའི་ཚེས་༡༩ཉིན་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་ཧོང་ཀོང་གི་དམངས་གཙོ་ཕྱོགས་གཏོགས་ཀྱི་གསར་འགྱུར་ལས་རིགས་སྟེང་གི་མི་སྣ་གྲགས་ཅན་Jimmy Laiཡིས་རང་ཉིད་ཀྱི་གྱོད་དོན་དག་འབུད་ཐད་དབྱིན་ཇིའི་རྒན་ཡོལ་དུ་ཕེབས་པའི་ཁྲིམས་རྩོད་པ་Tim Owenགླ་རྒྱུར་དང་ཐོག་ཧོང་ཀོང་ཁྲིམས་ཁང་ནས་མོས་མཐུན་བྱས་ཡོད་ཀྱང་། རྗེས་སུ་ཧོང་ཀོང་བདེ་འཇགས་ལས་ཁུངས་ནས་ཕྱི་མི་འཛུལ་ཞུགས་ལས་ཁུངས་ལ་གནོན་ཤུགས་སྤྲད་དེ་ཁྲིམས་རྩོད་པ་ཧོང་ཀོང་ནང་འཛུལ་བའི་ལས་ཀའི་ཐོངས་མཆན་སྤྲད་མེད་པར་བརྟེན།Jimmy Laiཡིས་ཟླ་བ་སྔོན་མར་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ནས་དབང་ཚད་ལས་བརྒལ་བའི་ལས་དོན་སྤེལ་བའི་ཐད་ཧོང་ཀོང་ཁྲིམས་ཁང་ལ་ཞུ་གཏུག་བྱས་ཡོད་ཀྱང་། ཟླ་བ་འདིའི་ཚེས་༡༩ཉིན་ཧོང་ཀོང་མཐོ་རིམ་ཁྲིམས་ཁང་གི་ཡིག་ཐོག་ལན་འདེབས་ཁྲོད། རྒྱལ་ཁབ་བདེ་འཇགས་ལས་ཁུངས་ལ་ལྟ་རྟོག་གི་དབང་ཚད་དེ་རྒྱ་ནག་དབུས་གཞུང་ལ་ཡོད་པ་ལས་། ཧོང་ཀོང་ཁྲིམས་ཁང་ལ་ལྟ་རྟོག་དབང་ཆ་མེད་པ་བརྗོད་ནས། Jimmy Laiཡི་ཞུ་གཏུག་ལ་ངོས་ལེན་བྱས་མེད་པ་རེད། དེ་བཞིན་Jimmy Laiལ་ད་ལྟ་ཕྱིའི་དབང་ཤུགས་དང་ལྐོག་ཇུས་ངན་འབྲེལ་གྱི་ནག་ཉེས་འཛུགས་ཀྱི་ཡོད་པས། གལ་ཏེ་ནག་ཉེས་དེ་གཞི་ཚུགས་པ་ཡིན་ན། ཁོང་ལ་ཚེ་བཙོན་གྱི་ཁྲིམས་ཆད་ཕོག་སྲིད་པ་རེད། དེ་བས་གནད་དོན་དབྱེ་ཞིབ་པས་ཁ་སང་གི་བོད་ཀྱི་གནས་སྟངས་དེ་བཞིན་དེ་རིང་གི་ཧོང་ཀོང་དང་སང་ཉིན་གྱི་ཐེ་ཝན་ཐོག་འབྱུང་སྲིད་པའི་བློ་འཚབ་དེ། ད་ལྟ་དངོས་གནས་སུ་གྱུར་ཡོད་པར་བརྗོད་ཀྱིན་འདུག་ལ། གནད་དོན་འདི་དང་འབྲེལ་བའི་ཐད་ཁྲིམས་རྩོད་པ་ཀ་བཙན་བླ་མ་སྐྱབས་ལགས་ནས་སྤྱིར་བཏང་རྒྱ་ནག་གི་ཁྲིམས་ལ་ཡིག་ཐོག་བཀོད་པའི་ཁྲིམས་དང་། ལག་ལེན་དང་འགྲེལ་བཤད་རྒྱག་སྟངས་མི་འདྲ་གསུམ་ཡོད་པ་བཞིན། མཐར་ཐུག་དབང་ཆ་ཚང་མ་རྒྱ་ནག་དམར་ཕྱོགས་ཚོགས་པའི་དབང་འཛིན་པས་མོས་མཐུན་ཡོད་མེད་ལ་བལྟ་བ་ལས་དོན་དངོས་ཐོག་རང་རྐྱ་འཕེལ་བའི་ཁྲིམས་ཀྱི་དབང་བསྒྱུར་མེད་པ་དང་། ད་ལྟ་ཧོང་ཀོང་ནང་དུའང་དེ་ལྟར་ཡིན་པ་Jimmy Laiཡི་གནས་སྟངས་འདི་ལས་གསལ་བོར་རྟོགས་ཐུབ་པ་བརྗོད་ཀྱི་འདུག དེ་བཞིན་བོད་ནང་ལ་མཚོན་ནའང་རྒྱ་ནག་གི་ཁྲིམས་ནང་ཁྲིམས་རྩོད་པ་བཙལ་ཆོག་པ་མ་ཟད་། བོད་ཀྱི་སྐད་བསྒྱུར་བ་དང་གྲངས་ཉུང་མི་རིགས་སྐད་ཤེས་མཁན་ཁྲིམས་རྩོད་པ་བཙལ་ཆོག་པ་གསལ་བོར་བཀོད་ཡོད་པ་རེད། ཡིན་ནའང་དོན་དངོས་ཐོག་བོད་རིགས་ཁྲིམས་རྩོད་པ་ཕར་ཞོགས་ཐ་ན་རྒྱ་རིགས་ཁྲིམས་རྩོད་པའང་བཙལ་ཆོག་གི་མེད་པ་དང་། བཙོན་ཁང་དུ་ཟླ་རེར་ནང་མིར་ཐུག་འཕྲད་ཀྱི་དབང་ཆ་དེ་འཕྲོག་གི་ཡོད་པ་བོད་མི་ཚོང་བ་རྡོ་རྗེ་བཀྲ་ཤིས་ཀྱི་གྱོད་དོན་དང་སྒོ་ཤེས་རབ་རྒྱ་མཚོའི་གྱོད་དོན་སོགས་ལས་གསལ་བོ་ཡིན་པ་གསུང་བྱུང་། ཡང་ཁྲིམས་རྩོད་པ་བླ་མ་སྐྱབས་ལགས་ནས། གལ་ཏེ་རྒྱ་ནག་གི་ཡིག་ཐོག་བཀོད་པའི་ཁྲིམས་ལུགས་ཀྱི་ནང་དོན་ལྟར་ལག་བསྟར་བྱས་བ་ཡིན་ན། ད་ལྟ་བཙོན་དུ་ཡོད་པའི་བོད་སོགས་གྲངས་ཉུང་མི་རིགས་ཀྱི་ཆབ་སྲིད་བཙོན་པ་དང་། དེ་བཞིན་ཧོང་ཀོང་ནང་འཛིན་བཟུང་བཀག་ཉར་འོག་ཡོད་པའི་སྲིད་དོན་བཙོན་པ་རྣམས་གློད་གྲོལ་གཏོང་དགོས་པ་ཆགས་ཀྱི་ཡོད་ནའང་། ཅི་བྱེད་གང་འདོད་ཆ་ཚང་རྒྱ་ནག་གུང་ཁྲན་གཞུང་གི་དབང་འཛིན་པའི་ལག་པར་ཡོད་པ་བརྗོད་ཀྱི་འདུག །
གསར་འགོད་པ། ལྕགས་མོ་འཚོ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།