བླ་བྲང་འཇིཊ་མེད་ལཊ་བཙོན་བཀྲོལ་བྱུང་ཡང་ལྟ་རྟོག་འོག་ཏུ་འདུག


2016.11.01
འཇིཊ་མེད་རྒྱ་མཚོ་འམ་བླ་བྲང་འཇིགས་མེད་མགོ་རིལ་ལགས་དང་ཁོང་གི་ཨ་མ། ༢༠༡༦།༡༠།༢༦ འཇིཊ་མེད་རྒྱ་མཚོ་འམ་བླ་བྲང་འཇིགས་མེད་མགོ་རིལ་ལགས་དང་ཁོང་གི་ཨ་མ། ༢༠༡༦།༡༠།༢༦
དགེ་འདུན་ཕུན་ཚོགས་ཀྱིས་མཁོ་སྤྲོད་གནང་།

བླ་བྲང་འཇིཊ་མེད་རྒྱ་མཚོ་ལགས་བཙོན་བཀྲོལ་བྱུང་ཡང་དགོན་པར་ཞུགས་མི་ཆོག་པ་དང་ས་ཁུལ་གཞན་ལ་བསྐྱོད་མི་ཆོག་པར་ལྟ་རྟོག་འོག་ཡོད་འདུག
དེ་ཡང་བོད་ནས་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་བ་ལྟར་ན། བླ་བྲང་འཇིཊ་མེད་རྒྱ་མཚོ་འམ་བླ་བྲང་འཇིགས་མེད་མགོ་རིལ་ལགས་མི་ལོ་ལྔའི་བཙོན་འཇུག་གི་དུས་ཡུན་གཙང་རྗེས་སྤྱི་ལོ་༢༠༡༦་ལོའི་ཟླ་༡༠་བའི་ཚེས་༢༦་ཉིན་ལན་ཀྲོའུ་ཕྱོགས་ཀྱི་བཙོན་ཁང་ནས་བཙོན་གྲོལ་བྱུང་ནས་ཕ་ཡུལ་ལ་བསྐྱེལ་ཡོད་པ་རེད། འོན་ཀྱང་རྒྱ་ནག་གི་འབྲེལ་ཡོད་ཚན་པས་ཁོ་རང་གནས་སྐབས་རིང་ཆབ་སྲིད་ཀྱི་ཐོབ་ཐང་མེད་པ་བཟོས་ཡོད་པས། དེའི་རིང་དགོན་པར་ཞུགས་མི་ཆོག་པ་དང་། བླ་བྲང་བརྒལ་ནས་ས་ཁུལ་གཞན་ལ་ཆོག་མཆན་མ་ཞུས་བར་བསྐྱོད་མི་ཆོག་པའི་བཙན་བཀའ་བཏང་ནས་ལྟ་རྟོག་འོག་གནས་ཡོད་པ་ས་གནས་བོད་མི་ཞིག་གིས་བརྗོད་བྱུང་།
འབྲེལ་ཡོད་བོད་མི་ཞིག་གིས་བརྗོད་དོན། ཚེས་༢༦་ཉིན་བཙོན་གྲོལ་སྐབས་སུ་ཡང་རྒྱ་ནག་གི་ཉེན་རྟོག་མི་སྣས་ཁྱིམ་བར་སྐྱེལ་ནས་པར་དང་བརྙན་ལེན་མི་ཆོག་པ་དང་། མི་ཚོགས་འཛོམས་ནས་ཁ་བཏགས་འཐེན་པ་དང་ཕྱི་ལ་ཁྱབ་བསྒྲགས་བྱེད་མི་ཆོག་པ་སོགས་ཀྱི་ཉེན་བརྡ་བཏང་ཡོད་འདུག  
ཡང་བོད་ནས་གནས་ཚུལ་ཡོང་ཁུངས་ལྟར་ན། བླ་བྲང་འཇིགས་མེད་ལགས་སྤྱི་ལོ་༢༠༡༡་ཟླ་༨་པའི་ནང་འཇུ་བཟུང་བྱས་མ་ཐག་ཟླ་གཉིས་ལྷག་ལ་མགྲོན་ཁང་དུ་བཟང་བཙོན་ལྟར་བཀག་ཉར་བྱས་བ་དང་། དེ་ནས་ལོ་ངོ་གསུམ་མ་ཟིན་ཙམ་རིང་ལན་ཀྲོའུ་གྲོང་ཁྱེར་ཕྱོགས་ཀྱི་བཙོན་མའི་སྨན་ཁང་ཞིག་གི་ནང་སྨན་བཅོས་དང་མཉམ་བཀག་ཉར་བྱས་རྗེས་མི་ལོ་ལྔའི་ཁྲིམས་ཐག་བཅད་པ་ལྟར་ལན་ཀྲོའུ་བཙོན་ཁང་དུ་སྤོར་བསྐྱེལ་བྱས་ཡོད་འདུག
ཡང་ས་གནས་བོད་མི་གཞན་ཞིག་གིས། ཨ་ཁུའི་སྐུ་གཟུགས་གནས་སྟངས་ཕྱི་ནས་བལྟས་བ་ཙམ་གྱིས་ཡག་པོ་འདུག མ་ཟད་བཙོན་འཇུག་བཀག་ཉར་བྱས་བའི་རིང་དེ་ཙམ་སྡུག་པོ་མྱངས་མ་སོང་བས་སེམས་ཁྲལ་མ་བྱེད་ཅེས་བརྗོད་བྱུང་ཟེར།
དེ་སྔ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགོན་པ་བདག་གཉེར་ལྷན་ཁང་གི་འགན་འཛིན་གཞོན་པའི་མཛད་འགན་བཞེས་མྱོང་མཁན་དགེ་འདུན་པ་འཇིགས་མེད་རྒྱ་མཚོ་ལགས་ཀྱིས་བོད་ཕྱི་ལ་ཡོད་པའི་བོད་སྐད་རླུང་འཕྲིན་སོགས་གསར་འགྱུར་བརྒྱུད་ལམ་ཁག་ཏུ་འཇིགས་ཞུམ་མེད་པར་ཁོང་གིས་དངོས་སུ་མྱངས་པའི་དཀའ་སྡུག་དང་། བོད་ནང་གི་གནས་སྟངས། རྒྱ་ནག་ཉེན་རྟོག་པའི་ཐལ་དྲགས་པའི་སྤྱོད་ཚུལ། བོད་མིའི་རེ་འདུན་ངོ་མ་སོགས་གསལ་བཤད་བྱས་ཡོད་ལ་སྔ་ཕྱིར་རྒྱ་ནག་གིས་ཐེངས་བཞི་ཙམ་ལ་འཛིན་བཟུང་བྱས་མྱོང་ཡོད་པ་རེད།
ཡོངས་གྲགས་སུ་འཇིགས་མེད་མགོ་རིལ་ནི་བླ་བྲང་དགོན་པའི་དགེ་འདུན་པ་དང༌། བླ་བྲང་དགོན་པའི་ཉེ་འདབ་ཕུག་སྡེ་ནས་ཡིན་པ་རེད།

གསར་འགོད་པ་ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎