ཉི་ཧོང་དབུ་ཁྲིད་ནས་རྒྱ་ནག་ལ་སྐྱོན་བརྗོད།
2012.11.16
༄༅། །དེ་ཡང་ཁོང་གིས་ཉེ་ལམ་ཟླ་སྟོད་དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཇལ་འཕྲད་ཀྱི་རྗེས་སུ་ཉི་ཧོང་གི་བརྒྱུད་ལམ་ཁག་ལ་བཀའ་མོལ་གནང་བའི་ནང་། ངས་བོད་ནང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་འདི་ལེགས་བཅོས་ཀྱི་ཆེད་རང་ནུས་གང་ཡོད་འདོན་རྒྱུ་ཡིན་ བོད་ལ་རང་དབང་མང་གཙོ་འདོད་ཀྱི་ཡོད་པ་དང་། ང་ཚོས་རང་དབང་དང་མང་གཙོའི་རིན་ཐང་འདི་རྩ་ཆེར་འཛིན་གྱི་ཡོད་ཅེས་གསུངས་ཡོད་པ་རེད།
ཤིན་ཏའོ་ཨ་སྦེ་མཆོག་ནི། ཉིན་ཧོང་གི་སྲིད་བློན་ཟུར་པ་ཞིག་ཡིན་པ་དང་ ཁོང་ལ་ཉེ་ལམ་གུ་ཡངས་མང་གཙོ་ཚོགས་པའི་དབུ་ཁྲིད་དུ་བསྐྱར་དུ་འདེམས་ཐོན་བྱུང་ཡོད་པ་དང་། སྲིད་དོན་དབྱེ་ཞིབ་པ་ཚོས་ཁོང་གི་ཚོགས་པར་ལོ་རྗེས་མའི་དབྱར་ཁའི་རྒྱལ་ཡོངས་འོས་བསྡུའི་ནང་རྒྱལ་ཁ་ཐོབ་རྒྱུའི་རེ་བ་ཡོད་པ་དང་ དེ་འདྲའི་གནས་བབས་སུ་ཁོང་སྐྱར་དུ་ཡུལ་གྱི་སྲིད་བློན་ལ་འདེམས་ཐོན་ཡོང་རྒྱུའི་རེ་བ་ཆེན་པོ་ཡོད་པ་ཡིད་ཆེས་གནང་གི་ཡོད་པ་རེད།
རྒྱ་ནག་གཞུང་གིས་སྲིད་བློན་ཟུར་པ་ཤིན་ཏའོ་ཨ་སྦེ་ཞེས་དངོས་སུ་མཚན་འདོན་མེད་པའི་ཐོག་ནས་ཉི་ཧོང་གཞུང་ལ་ཉི་ཧོང་གི་གཡས་ཐལ་ལྟ་བ་འཛིན་པའི་སྲིད་དོན་མི་སྣ་ཚོས་ཏཱ་ལའི་བླ་མའི་ཁ་བྲལ་གྱི་ལས་འགུལ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དེར་མཐའ་ཅིག་ཏུ་སྐྱོན་བརྗོད་ཡོད་ཅེས་བརྗོད་ཡོད་པ་རེད།
ཉེ་ལམ་རྒྱ་ནག་དང་ཉི་ཧོང་དབར་མཚོ་གླིང་གི་ས་ཁུལ་བདག་དབང་ཐད་རྩོད་རྙོག་ཆེ་རུ་ཕྱིན་ཏེ་ཕྱོགས་གཉིས་ཀྱི་དབར་འབྲེལ་ལམ་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་དང་བསྟུན། ཉི་ཧོང་ནང་སྲིད་དོན་མི་སྣ་ཚོས་ཀྱང་ བོད་ཀྱི་གནད་དོན་ལ་རྒྱབ་སྐྱོར་གནང་རྒྱུ་མངོན་གསལ་ཆེ་རུ་གཏོང་བཞིན་ཡོད་པ་རེད།།