ཉི་ཧོང་གཞུང་གིས་ཀྱང་པེ་ཅིན་ཨོ་ལམ་པིཀསི་རྩེད་འགྲན་དུ་དཔོན་རིགས་གཏང་རྒྱུ་མིན་པ།
2021.12.24
རེས་གཟའ་པ་སངས་ཉིན་ཉི་ཧོང་གི་བློན་ཆེན་ལྷན་ཚོགས་ཀྱི་དྲུང་ཆེ་སྐུ་ཞབས་ Hiro kazu Matsuno ཡིས་གསར་འགོད་ལྷན་ཚོགས་ཐོག་ཉི་ཧོང་གཞུང་གིས་ཕྱི་ལོ་ ༢༠༢༢ ལོའི་པེ་ཅིང་གི་ཨོ་ལམ་པིཀསི་རྩེད་འགྲན་དེར་གཞུང་འབྲེལ་དཔོན་རིགས་གཏོང་རྒྱུ་མིན་ནའང་རྩེད་འགྲན་དེ་དང་ཐད་ཀར་འབྲེལ་བ་ཡོད་པའི་ ༢༠༢༠ ལོའི་ཀྲོག་ཡོ་རྩེད་འགྲན་ཚོགས་ཆུང་གི་ཚོགས་གཙོ་དང་རྒྱལ་ཁབ་ཀྱི་ཨོ་ལམ་པིཀསི་དང་དབང་པོ་སྐྱོན་ཅན་རྩེད་འགྲན་ཚོགས་ཆུང་གཉིས་ཀྱི་འགོ་འཁྲིད་རྣམ་པ་གཉིས་པེ་ཅིང་དུ་བསྐྱོད་རྒྱུ་ཡིན་པའི་སྐོར་གསལ་བཤད་གནང་ཡོད་པ་རེད་འདུག ཉི་ཧོང་གི་བློན་ཆེན་ལྷན་ཚོགས་ཀྱི་དྲུང་ཆེ་སྐུ་ཞབས་ Matsuno ཡིས། ཉི་ཧོང་ངོས་ནས་རྒྱ་ནག་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡོངས་ཁྱབ་ཏུ་སྲུང་བརྩི་ཞུ་བཞིན་པའི་རང་དབང་དང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་གུས་བཀུར་དང་ཁྲིམས་ལུགས་ཀྱིས་སྐྱོང་བའི་ལམ་སྲོལ་ཁག་ལ་སྲུང་བརྩི་ཞུ་དགོས་པའི་ཡིད་ཆེས་བྱེད་ཀྱི་ཡོད་ལ་གོང་ཞུས་ཀྱི་གནད་དོན་ཁག་གི་ཐོག་ཉི་ཧོང་གཞུང་གིས་རྒྱ་ནག་ལ་ཐད་ཀར་འབྲེལ་མོལ་གྱི་རིམས་པའི་ཐོག་ལན་མང་གསལ་སྟོན་བྱས་ཡོད་ཅེས་གསུང་འདུག
དེ་བཞིན་སྐུ་ཞབས་ Matsuno ཡིས་ཉེ་སྔོན་ཀྲོག་ཡོ་ལམ་པིཀསི་ཐོག་མངོན་གསལ་བཞིན་ཨོ་ལམ་པིཀསི་དང་དབང་པོ་སྐྱོན་ཅན་རྣམ་པའི་རྩེད་འགྲན་དེ་དག་ནི་ཞི་བདེ་དང་རྩེད་མོར་རྟེན་འབྲེལ་ཞུས་ནས་འགྲོ་བ་མིའི་སེམས་ཤུགས་འཕེལ་ཐབས་ཤིག་ཡིན། ཉི་ཧོང་གཞུང་གིས་རྒྱུ་མཚན་འདི་དག་ཐོག་ནས་ད་ཐེངས་ཀྱི་པེ་ཅིང་གི་ཨོ་ལམ་པིཀསི་རྩེད་འགྲན་དེར་མ་ཞུགས་རྒྱུའི་ཐག་གཅོད་དེ་རང་ངོས་ནས་གནང་བ་ཞིག་ཆགས་ཡོད་ཅེས་གསུང་འདུག རྣམ་ཀུན་ཡིན་ན་ཉི་ཧོང་གི་རྒྱལ་ཁབ་དེ་རྒྱ་ནག་ལ་དངོས་ཟོག་བཟོ་བསྐྲུན་ཙམ་མ་ཟད་ཚོང་འགྲེམས་ཐོག་ཤུགས་ཆེ་བརྟེན་དགོས་པའི་རྒྱལ་ཁབ་ཤིག་ཡིན་པའི་ཆ་ནས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་གི་གནད་དོན་ཐོག་མངོན་གསལ་དོད་པོའི་སྲིད་བྱུས་འཛིན་མཁན་ཤིག་མིན་ནའང་སྲིད་བློན་ Fumio Kishida མཆོག་གི་གཞུང་འཛིན་ཚོགས་པའི་ནང་ཁུལ་ནས་གནད་དོན་འདིའི་ཐད་ལངས་ཕྱོགས་དེ་མཁྲེགས་ཙམ་ཟིན་དགོས་པའི་གནོན་ཤུགས་ཤུགས་ཆེ་ཐེབས་བཞིན་ཡོད་པའི་སྐོར་གནས་ཚུལ་ནང་བཀོད་འདུག
རྒྱ་ནག་གིས་ཉི་ཧོང་ལ་རྩེད་མོ་དང་ཆབ་སྲིད་གཉིས་མཉམ་བསྲེས་བྱེད་རྒྱུ་མེད་ལུགས་སྐྱོན་བརྗོད་བྱས་འདུག
གསར་འགོད་པ། རིག་ལྡན་སྒྲོལ་མ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། ནོར་སྡེ།