འཇམ་དབྱངས་དཔལ་ལྡན་གྱི་སྐུ་ཕུང་ཞུགས་འབུལ་བྱས་འདུག
2012.10.02
འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་དོན། ཟླ་བ་སྔོན་མའི་ཚེས་ཉི་ཤུ་དགུ་ཉིན་སྐུ་ཚེ་མ་ཟིན་པའི་ཨ་མདོ་རེབ་གོང་རོང་པོ་དགོན་གྱི་གྲྭ་འཇམ་དབྱངས་དཔལ་ལྡན་གྱི་སྐུ་ཕུང་ཉིན་མོ་དེར་ཞུགས་འབུལ་བྱེད་དགོས་བ་འབྲེལ་ཡོད་ཚན་པས་བཀོད་ཁྱབ་བཏང་ཡོད་ཀྱང་། དམ་པ་དེའི་དགེ་རྒན་དགེ་ལེགས་ལགས་ཀྱིས་དེ་ནི་ཆོས་ལུགས་ཀྱི་ལམ་སྲོལ་དང་མི་མཐུན་པས་ཁས་ལེན་བྱས་མེད་པ་དང་། གོམས་སྲོལ་ལྟར་སྐུ་ཕུང་སྦྱིན་སྲེག་གནང་ཡོད་པར་རོང་པོ་དགོན་ཆེན་དུ་སེར་སྐྱ་མི་མང་བརྒྱ་ཕྲག་མང་པོས་བསྔོ་སྨོན་གསུངས་འདོན་གྱི་མཆོད་འབུལ་བྱས་ཡོད་འདུག
གྲྭ་འཇམ་དབྱངས་དཔལ་ལྡན་དམ་པ་དེས་ལོ་འདིའི་ཕྱི་ཟླ་གསུམ་པའི་ཚེས་བཅུ་བཞི་ཉིན་རྒྱ་ནག་གཞུང་གིས་བོད་མི་ཚོའི་ཐོག་འཛིན་བཞིན་པའི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་མཚོནཆེད་སྐུ་ལུས་མེར་བསྲེགས་བཏང་ཡོད་པ་དང་། སྐབས་དེར་ཁུལ་དེའི་སློབ་གྲྭ་དང་། རྫོང་མི་རིགས་སློབ་འབྲིང་། ལས་རིགས་ལག་རྩལ་སློབ་གྲྭ་སོགས་ཀྱི་སློབ་ཕྲུག་རྣམས་ནས་ཀྱང་ངོ་རྒོལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་ཡོད་པ་རེད། དེ་ནས་བཟུང་ཁོང་རང་ཉིད་ཀྱི་ཤག་ཏུ་སྨན་བཅོས་གནང་བཞིན་ཡོད་པའི་སྐབས་སུའང་རྒྱ་ནག་གཞུང་གིས་བསུན་བཙིར་ཡང་སེ་བཟོས་ཡོད་པ་རེད། དམ་པ་དེའི་ཕ་དཀོན་མཆོག་སྐྱབས་དང་། མ་ལྕགས་མོ་གཉིས་ཡིན་པ་དང་། ཁོང་ཆུང་དུས་ནས་རེབ་གོང་དགོན་པར་གྲྭ་ཞུགས་གནང་ནས་སློབ་སྦྱོང་དང་གཤིས་འཇོན་གཉིས་ཀ་མིག་དཔེ་འོས་པ་ཞིག་ཡིན་པ་རེད།