ལིའུ་ཤའོ་ཕུའུའི་བཟའ་ཟླ་བྱ་དགའ་ལེན་པར་འགྲོ་རྒྱུའི་རེ་བ།
2010.10.12
༄༅༎རྒྱ་ནག་གི་བཙོན་ཁང་དུ་ཡོད་པའི་ལིའུ་ཤའོ་ཕུའུ་ཡིས་ཁོང་ལ་ཐོབ་པའི་ནོ་བེལ་ཞི་བདེའི་བྱ་དགའ་དེ། ཁོང་གི་བཟའ་ཟླ་ལིའུ་ཤའ་ཡི་ལེན་པར་འགྲོ་རྒྱུའི་རེ་བ་བྱེད་ཀྱི་ཡོད་པའི་སྐོར་བཟའ་ཟླ་ལིའུ་ཤའ་ཡིས་དེ་རིང་རོའུ་ཀྲར་གསར་འགྱུར་ལས་ཁང་ལ་བཤད་ཡོད་པ་རེད།
དེ་ཡང་རྒྱ་ནག་གཞུང་གིས་ལིའུ་ཤའ་ཁོང་གི་པེ་ཅིང་གི་ཁྱིམ་ཚང་དུ་འགྲོ་འོང་གི་རང་དབང་མེད་པར་དམ་བསྒྲགས་བྱེད་བཞིན་ཡོད་པ་ལྟར། དེ་རིང་ཁོང་གིས་ཁྱིམ་ནས་ཁ་པར་ཐོག་རོའུ་ཀྲར་གསར་འགོད་པའི་འདྲི་བ་དང་ལེན་བྱེད་པའི་སྐབས། ལིའུ་ཤའོ་ཕུའུ་ཡིས་ང་ནོར་ལྦེ་དུ་བྱ་དགའ་ལེན་པར་འགྲོ་ཐུབ་པའི་རེ་བ་བྱེད་ཀྱི་འདུག་གསུང་པའི་སྐབས། གསར་འགོད་པས། བྱ་དགའ་དེ་དངོས་སུ་ཕྱི་ཟླ་༡༢པའི་ཚེས་༡༠ཉིན་ནོར་ལྦེའི་རྒྱལ་ས་ཨོ་སི་ལོ་དུ་འབུལ་གྱི་ཡོད་སྟབས་ཁྱེད་རང་བྱ་དགའ་ལེན་པར་རྒྱ་ནག་གཞུང་གིས་ཆོག་མཆན་སྤྲོད་ཀྱི་རེད་དམ་ཞེས་དྲིས་པའི་ལན་དུ། ངའི་བསམ་པར་དེ་ནི་ཧ་ཅང་གི་དཀའ་ལས་ཁག་པོ་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད། ཡིན་ནའང་རྒྱ་ནག་གཞུང་གིས་ཁོང་ལ་ནོར་ལྦེ་དུ་འགྲོ་ཆོག་གི་མ་རེད་ཅེས་དངོས་སུ་ཉེན་བརྡ་གང་ཡང་བཏང་མ་བྱུང་ཞེས་འགྲེལ་བརྗོད་བྱས་ཡོད་པ་རེད། ཨ་མི་རི་ཀ་ནི། འཛམ་གླིང་རྒྱལ་ཁབ་མང་པོས་རྒྱ་ནག་གཞུང་ལ། ལིའུ་ཤའོ་ཕུའུ་གློད་བཀྲོལ་དགོས་པའི་འབོད་སྐུལ་གནང་མཁན་གྲས་ཡིན་པ་མ་ཟད། དེ་རིང་ཨ་རིའི་ཕྱོགས་ནས། ལིའུ་ཤའོ་ཕུའུ་ཡི་བཟའ་ཟླ་ལིའུ་ཤའ་ལ་འགྲོ་འོང་རང་དབང་མེད་པར་ཁྱིམ་ཚང་དུ་དམ་བསྒྲགས་བྱེད་པའི་གནས་སྟངས་ལ་བློ་འཚབ་ཡོད་པའི་གསལ་སྟོན་གནང་ཡོད་ཅིང༌། དེ་ནི་པེ་ཅིང་གི་ཨ་མི་རི་ཀའི་གཞུང་ཚབ་ལས་ཁང་གི་མགྲིན་ཚབ་པ་རི་ཆ་དྲི་སྦོན་གན་གྱིས་གསལ་བསྒྲགས་སྤེལ་བའི་ནང། ང་ཚོས་མུ་མཐུད་ནས་ལིའུ་ཤའ་ཡི་གནས་སྟངས་ལ་དོ་སྣང་ཞིབ་ནན་གྱི་ལྟ་ཞིབ་བྱེད་རྒྱུ་ཡིན། ཁོང་གི་རང་དབང་ཐོབ་ཐང་ལ་ངེས་པར་དུ་བརྩི་བཀུར་བྱེད་དགོས་ཀྱི་རེད་ལ་དམ་བསྒྲགས་མེད་པའི་ཐོག་ནས་འགྲོ་འོང་རང་དབང་སྤྲོད་དགོས་ཀྱི་རེད། ང་ཚོས་རྒྱ་ནག་གཞུང་ལ། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཆིངས་དོན་ཁག་ལག་བསྟར་བྱེད་དགོས་པ་དང། རྒྱ་ནག་མི་དམངས་ཀྱི་གཞི་རྩའི་རང་དབང་དང་ཐོབ་ཐང་རྣམས་ལ་བརྩི་བཀུར་ཞུ་དགོས་པའི་ཛ་དྲག་གི་འབོད་སྐུལ་བྱེད་ཀྱི་ཡོད་ཅེས་གསུང་ཡོད་པ་རེད། ལིའུ་ཤའ་ཁོང་གིས་ཀྱང༌། རང་ཉིད་ཀྱི་ཀྲུ་ལྦི་ཀྲར་Twitterདྲ་རྒྱའི་ཐོག་ལ་ཁོང་གི་བཟའ་ཟླ་ལིའུ་ཤའོ་ཕུའུ་ལ་བྱ་དགའ་ཐོབ་པའི་གསལ་བསྒྲགས་བྱས་མ་ཐག་གི་དུས་ཚོད་དང༌། དེ་རྗེས་ཕྱི་ཚེས་༡༠ཉིན་བཟའ་ཟླ་ཐུག་འཕྲད་བྱེད་དུ་བཅུག་པའི་རྗེས་བསྐྱར་དུ་ཁྱིམ་ཚང་དུ་དོ་དམ་བྱས་པའི་གནས་ཚུལ་བཀོད་ཡོད་པ་དང༌། ལིའུ་ཤའོ་ཕུའུ་ཡི་ཁྲིམས་རྩོད་པ་ཧྲང་ཕའོ་ཅུན་གྱིས་ལིའུ་ཤའ་རེས་གཟའ་མིག་དམར་ནས་བསྐྱར་དུ་ཁྱིམ་ཚང་དུ་དོ་དམ་བྱས་པའི་གནས་ཚུལ་འགྲེལ་བརྗོད་བྱས་ཡོད་པ་རེད།