རྒྱ་ནག་གཞུང་གིས་བྱ་བྲལ་རིན་པོ་ཆེ་བཀྲོངས་ཟིན་ཡོད་སྐོར།
2011.11.24
༄༅༎རྒྱ་ནག་གཞུང་གིས་བྱ་བྲལ་བྱམས་པ་འཕྲིན་ལས་རིན་པོ་ཆེ་མཆོག་ལ་དུག་ཕུལ་ནས་བཀྲོངས་ཟིན་ཡོད་པའི་སྐོར་གནད་ཡོད་མི་སྣ་ཞིག་གིས་གསུངས་པའི་སྒྲ་འཛིན་འཁོར་ཐག་ཅིག་འབྲེལ་ཡོད་མི་སྣར་འབྱོར་ཡོད་པའི་སྐོར་ཁ་ས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་ཐོག་གནས་ཚུལ་སྤེལ་འདུག
ཀུན་གཟིགས་པཎ་ཆེན་སྐུ་ཐོག་གོང་མའི་ཡང་སྲིད་རྩད་ཞིབ་ཚོགས་ཆུང་གི་ཚོགས་གཙོ་དང༌གཞིས་ཀ་རྩེ་བཀྲིས་ལྷུན་པོ་དགོན་པའི་དམངས་གཙོ་བདག་གཉེར་ཁང་གི་དབུ་འཁྲིད་བྱ་བྲལ་བྱམས་པ་འཕྲིན་ལས་རིན་པོ་ཆེ་མཆོག ཕྱི་ལོ་༡༩༩༥ ལོར་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་ཡང་སྲིད་རྩད་ཞིབ་གནང་ཕྱོགས་ཐད་རྒྱལ་ཁབ་ཀྱི་གསང་བ་ཕྱི་གྱར་བྱས་པའི་ཉེས་མིང་འོག རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པ་དང༌འབྲེལ་ཡོད་ཁྲིམས་ཁང་ནས་ཁོང་ལ་ལོ་ ༦ རིང་དུས་བཀག་བཙོན་འཇུག་བྱས་ཏེ་སི་ཁྲོན་ཞིང་ཆེན་ཏཱ་ཛུ་རྫོང་ཁྲོན་ཏུང་ཁུལ་གྱི་བཙོན་ཁང་ཨང་གསུམ་པ་སོགས་སུ་བཙོན་འཇུག་ཞུས་པ་དང་བཙོན་ཁང་ནང་བཞུཌ་སྐབས་ཕྱི་ལོ་ ༡༩༩༧ ལོར་ཁོང་ལ་ཁྲིམས་ཆད་བཏང་བ་དེ་དྲང་བདེན་བྱུང་མེད་སྐོར་གསུངས་ནས་ཟས་བཅད་ཀྱི་ངོ་རྒོལ་ལས་འགུལ་སྤེལ་བའི་གནས་ཚུལ་ཐོན་ཡོད་པ་རེད། ཁྲིམས་ཀྱི་འགྲོ་ལུགས་ལྟར་ན་དུས་བཀག་གཙང་བའི་བཙོན་པ་སུ་ཡིན་རུང་དུས་བཀག་གཙང་བའི་རྗེས་སུ་ནག་ཉེས་འཕར་མ་བསགས་མེད་ན་བཙོན་ནས་གློད་བཀྲོལ་བཏང་སྟེ་ས་གནས་འབྲེལ་ཡོད་ཚན་པ་བརྒྱུད་ནང་མི་སྤུན་མཆེད་དམ་ས་གནས་སུ་རྩིས་སྤྲོད་བྱེད་དགོས་ཀྱི་ཡོད་ནའང་བྱ་བྲལ་བྱམས་པ་འཕྲིན་ལས་མཆོག་ནི་༢༠༠༡།༢༠༠༢ ནང་དུས་བཀག་ཆ་ཚང་གཙང་ཟིན་ཡོད་ནའང་ད་བར་འཆི་གསོན་གྱི་གནས་སྟངས་གང་ཡིན་ཤེས་རྟོགས་མེད་པར་གྱུར་པ་རེད། ཁོང་ལ་བཙོན་འཇུག་དུས་བཀག་གཙང་ཟིན་ནའང་འཆི་གསོན་གྱི་གནས་སྟངས་ཇི་ཡིན་ཤེས་རྟོགས་མེད་པ་དེར་དོགས་གཞི་སྐྱེ་དགོས་པའི་གནས་སྟངས་དངོས་སུ་ཡོད་པ་ལྟར། བྱ་བྲལ་རིན་པོ་ཆེ་མཆོག་དང་ཐུགས་འདྲིས་ཆེ་ཙམ་ཡོད་པའི་བོད་ལྗོངས་ནང་བསྟན་མཐུན་ཚོགས་ཀྱི་གནད་ཡོད་མི་སྣ་ཞིག་ནས་ཀྱང་ལོ་ཤས་སྔོན་བྱ་བྲལ་བྱམས་པ་འཕྲིན་ལས་སྐོར་ད་ལྟ་མི་ཚོས་བཤད་རྒྱུ་ལ་ཡོད་མ་རེད། གྲོངས་ཚར་བ་རེད་ཟེར་གྱི་འདུག་ ཁག་གཅིག་གིས་བྱ་བྲལ་རིན་པོ་ཆེ་བྱམས་པ་འཕྲིན་ལས་དུག་བླུགས་ནས་བཀྲོངས་པ་རེད་ཟེར་གྱི་འདུག་ཅེས་དངོས་སུ་གསུངས་པའི་སྒྲ་འཛིན་འཁོར་ཐག་འབྱོར་ཡོད་འདུག བྱ་བྲལ་བྱམས་པ་འཕྲིན་ལས་རིན་པོ་ཆེ་མཆོག་བཙན་འཇུག་དུས་བཀག་གཙང་སྟེ་ལོ་མང་ཕྱིན་ཡོད་ནའང༌འཆི་གསོན་གྱི་གནས་སྟངས་ཇི་ཡིན་གང་ཡང་ཤེས་རྟོགས་མེད་པར་གྱུར་བ་དེའི་ཐོག་ནས་བོད་ལྗོངས་ནང་བསྟན་གྱི་མཐོ་རིམ་མི་སྣ་དེའི་བཀའ་མོལ་དེ་དག་ནི་ད་ལྟ་ཚད་འཛིན་ས་ཞིག་ཏུ་གྱུར་ཡོད་སྲིད་པ་རེད།།