ཧིནྡུའི་ཆོས་ལུགས་ཀྱི་དུས་ཆེན་མ་ཧཱ་ཀུམྦ་མེ་ལར་བོད་དོན་གོ་རྟོགས་ཀྱི་ལས་འགུལ་སྤེལ་བཞིན་པ།
རྒྱ་གར་ཡུ་པི་མངའ་སྡེའི་ནང་གི་ཧིནྡུའི་གནས་ཆེན་པྲ་ཡག་རཇ་ (Prayagraj) ཞེས་པར་ཧིནྡུའི་ཆོས་ལུགས་ཀྱི་དུས་ཆེན་མ་ཧཱ་ཀུམྦ་མེ་ལ་ (Mahakumbh Mela) འཚོག་བཞིན་པ་དང་བསྟུན། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་འཕགས་བོད་འབྲེལ་མཐུད་ལས་ཁང་གི་གོ་སྒྲིག་འོག ཟླ་བ་འདིའི་ཚེས་ ༥ ནས་ ༧ བར་ཁྱོན་ཉིན་གྲངས་གསུམ་རིང་མཱ་ཧ་ཀུམ་དུས་ཆེན་གྱི་མཛད་སྒོར་རྒྱ་གར་གྱི་ཁྱིམ་མཚེས་བོད་ཅེས་པའི་བརྗོད་གཞིའི་ཐོག རྒྱ་གར་ས་གནས་མང་ཚོགས་ཁྲོད་བོད་དོན་གོ་རྟོགས་ཀྱི་ལས་འགུལ་སྤེལ་བཞིན་ཡོད་པ་རེད་འདུག དེ་ཡང་ལོ་ལྟར་བཞིན་འཕགས་བོད་འབྲེལ་མཐུད་ལས་ཁང་ངོས་ནས་རྒྱ་གར་གྱི་གཞུང་ཁོངས་མིན་པའི་ཚོགས་པ་སྐྱིད་སྡུག་ཁག་དང་མང་ཚོགས་ཁྲོད་བོད་དོན་གོ་རྟོགས་ཀྱི་ལས་འགུལ་སྤེལ་བཞིན་ཡོད་པ་ལྟར། ཐེངས་འདིར་རྒྱ་གར་དང་ཕྱི་རྒྱལ་ཡུལ་གྲུ་ཁག་འདྲ་མིན་ནས་གནས་མཇལ་བ་དང་ཡུལ་སྐོར་སྤྲོ་འཆམ་པ་ཁྲི་ཚོ་མང་པོ་འདུ་འཛོམས་ས་ཆོས་ལུགས་ཀྱི་དུས་ཆེན་དེའི་ཐོག ས་གནས་མང་ཚོགས་ལ་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་། འཕགས་བོད་དབར་གྱི་ཆོས་དང་རིག་གཞུང་། ཆབ་སྲིད་ཀྱི་འབྲེལ་ལམ་སྐོར། ལྷག་པར་བོད་མཐོ་སྒང་གི་ཁོར་ཡུག་གི་གལ་གནད་སྐོར་སོགས་བོད་དོན་གོ་རྟོགས་ཀྱི་ལས་འགུལ་ཞིག་ཡིན་པ། འཕགས་བོད་འབྲེལ་མཐུད་ལས་ཁང་གིས་འབྲེལ་ཡོད་ལས་བྱེད་མིག་མར་མཚམས་གཅོད་ལགས་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

བོད་དོན་གོ་རྟོགས་ཀྱི་ལས་འགུལ་དེའི་ཐོག་འཕགས་བོད་འབྲེལ་མཐུད་ལས་ཁང་ནས་དུས་སྟོན་ཐོག་ས་ཕྱོགས་གང་ས་ནས་ཕེབས་པའི་གནས་སྐོར་བ་དང་ཡུལ་སྐོར་སྤྲོ་འཆམ་པ་སྟོང་ཚོ་བརྒལ་བར། ཨིན་སྐད་དང་ཧིན་དྷི་སྐད་ཡིག་ཐོག་པར་སྐྲུན་ཞུས་པའི་འཕགས་བོད་གཉིས་དབར་གྱི་རྒྱལ་རབས་དང་རིག་གཞུང་། སྐད་ཡིག་སོགས་ཀྱི་འབྲེལ་ལམ་དང་འབྲེལ་བ་དང་། བོད་ཀྱི་གནད་དོན་དེ་བཞིན་རྒྱ་གར་ལ་གལ་གནད་ཇི་ཙམ་ཆགས་ཀྱི་ཡོད་སྐོར་སོགས་ཀྱི་དཔེ་དེབ་དང་ཡིག་ཆ་རིན་མེད་ཐོག་བགོ་འགྲེམས་ཞུ་བཞིན་བོད་དོན་གོ་རྟོགས་ཀྱི་ལས་འགུལ་སྤེལ་མུས་ཡིན་པ། འཕགས་བོད་འབྲེལ་མཐུད་ལས་ཁང་གི་ལས་འཆར་འགན་འཛིན་ངག་དབང་ཆོས་ལྡན་ལགས་འདི་ག་རླུང་འཕྲིན་ཁང་ལ་གསུངས་བྱུང་ལ། ཐེངས་འདིའི་ལས་འགུལ་བརྒྱུད་རྒྱ་གར་མང་ཚོགས་དཀྱུས་མའི་ཁྲོད་བོད་དོན་གོ་རྟོགས་གང་ལེགས་སྤེལ་རྒྱུ་བྱུང་ཡོད་སྐོར་དང་། ལས་འགུལ་དབུ་འབྱེད་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་ལགས་ཆེད་ཕེབས་གནང་ཡོད་པ་འགྲེལ་བརྗོད་གནང་གི་འདུག

གསར་འགོད་པ། པ་སངས་ཚེ་རིང་།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་།