ཨི་ཊ་ལི་རྒྱལ་ཁབ་ཀྱིས་རྒྱ་ནག་ལ་བརྒྱུད་གཅིག་ལམ་གཅིག་གི་ལས་འཆར་ནས་ཕྱིར་ཐོན་བྱ་རྒྱུ་ཡིན་པའི་བརྡ་ལན་སྤྲད་ཡོད་པ་རེད།
དེ་ཡང་ཨི་ཊ་ལིས(Italy)སྤྱི་ལོ་༢༠༡༩ ལོར་ཨ་རིས་དོགས་ཟོན་སྐུལ་སློང་བྱས་མིན་ལ་མ་ལྟོས་པར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་རྨི་ལམ་ལྟ་བུའི་ལས་འཆར་བརྒྱུད་གཅིག་ལམ་གཅིག་ཟེར་བའི་ལས་འཆར་ནང་འཛུལ་ཞུགས་བྱས་ནས། ད་བར་ཡོ་རོབ་ནང་གི་ཡར་ཐོན་རྒྱལ་ཁབ་ཀྱི་གྲས་ནས་རྒྱ་ནག་གི་ལས་འཆར་དེར་འཛུལ་ཞུགས་བྱེད་མཁན་རྒྱལ་ཁབ་གཅིག་པུ་དེ་ཡིན་པ་རེད། ཡིན་ནའང་སྤྱི་ཟླ་༡༢ཚེས་༦ཉིན་Italyགཞུང་གི་དཔོན་རིགས་གཉིས་ཀྱིས་RTRགསར་འགྱུར་ཁང་ལ་བརྗོད་ན། ད་ལྟའི་ཆར་Italyཡིས་རྒྱ་ནག་ལ་བརྒྱུད་གཅིག་ལམ་གཅིག་གི་ལས་འཆར་ནས་ཕྱིར་ཐོན་རྒྱུ་ཡིན་པའི་ལན་སྤྲད་ཟིན་ཡོད་པ་རེད། Italyཡི་སྲིད་བློན་Giorgia Meloniམཆོག་གིས་སྔ་ལོར་སྲིད་བློན་གྱི་ལས་འགན་ཁུར་རྗེས་ཁོ་མོས་རྒྱ་ནག་གི་བརྒྱུད་གཅིག་ལམ་གཅིག་གི་ལས་འཆར་དེས་Italyརྒྱལ་ཁབ་ལ་དོན་དང་ལྡན་པའི་ཁེ་ཕན་ཆེན་པོ་གང་ཡང་ཐོབ་ཀྱི་མེད་སྟབས། ལས་འཆར་དེ་ནས་ཕྱིར་ཐོན་རྒྱུའི་འདོད་པ་ཡོད་པ་གསུངས་ཡོད་པ་རེད།གནས་ཚུལ་ནང་འཁོད་པར་ལྟར་ན། Italyདང་རྒྱ་ནག་བར་བཞག་པའི་བརྒྱུད་གཅིག་ལམ་གཅིག་གི་ལས་འཆར་དང་འབྲེལ་བའི་ཐག་ཆོད་གན་རྒྱ་ལོ་རྗེས་མའི་སྤྱི་ཟླ་གསུམ་པའི་ནང་དུས་ཚོད་རྫོགས་ཀྱི་ཡོད་པ་དང་། གལ་ཏེ་Italyཕྱོགས་ནས་ཟླ་བ་གསུམ་གྱི་གོང་ནས་ལས་འཆར་དེ་ནས་ཕྱིར་ཐོན་བྱ་ཡིན་པ་རྒྱ་ནག་ལ་ཡིག་ཐོག་ནས་ལན་མ་སྤྲད་ཚེ། གན་རྒྱ་དེ་རང་བཞིན་གྱིས་མུ་མཐུད་གནས་ཀྱི་ཡོད་པ་རེད།
Italyབརྒྱུད་གཅིག་ལམ་གཅིག་གི་ལས་འཆར་ནས་ཕྱིར་ཐོན་རྒྱུ་ཡིན་པའི་སྐོར་ཉེ་ཆར་ཡིག་ཐོག་ནས་རྒྱ་ནག་ལ་བརྡ་ལན་སྤྲད་ཟིན་ཡོད་པ་རེད་ལ། Italyབརྒྱུད་གཅིག་ལམ་གཅིག་གི་ལས་འཆར་ནས་ཕྱིར་ཐོན་རྒྱུ་ཡིན་ནའང་། མུ་མཐུད་དུ་རྒྱ་ནག་དང་མཉམ་འབྲེལ་ལམ་བཟང་པོ་རྒྱུན་འཁྱོངས་བྱེད་རྒྱུ་ཡིན་པ་ནན་བརྗོད་བྱས་ཡོད་པ་རེད།།
གསར་འགོད་པ། བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། བཀྲིས་དབང་ཕྱུག
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག