༧གོང་ས་མཆོག་གིས་མཐོ་སློབ་བོད་ཕྲུག་ལ་ནང་ཆོས་ངོ་སྤྲོད།

༧གོང་ས་མཆོག་གིས་བཞུགས་སྒར་དུ་ན་གཞོན་ཚོར་ནང་ཆོས་ངོ་སྤྲོད་ཀྱི་མཛད་རིམ་ཐེངས་དྲུག་པ་དེ་བཞིན་དེ་རིང་དབུ་བཙུགས་གནང་འདུག

2012.06.01

༄༅༎སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ཕྱི་ཟླ་དྲུག་པའི་ཚེས་གཅིག་ཉིན་བཞུགས་སྒར་རྡ་རམ་ས་ལའི་བོད་ཁྱིམ་སློབ་གྲའི་ཚོགས་ཁང་ནང་དུ། རྒྱ་གར་ནང་དུ་མཐོ་རིམ་སློབ་གྲ་འགྲིམས་བཞིན་པའི་སློབ་མ་གཙོ་བོར་གྱུར་བའི་གཞོན་སྐྱེས་ཚོར་འཕགས་པ་ཀླུ་སྒྱུབ་ཀྱིས་མཛད་པའི་སྐྱེ་བོ་གསོ་ཐིགས་དང༌། རྗེ་ཙོང་ཁ་པས་མཛད་པའི་རྟེན་འབྲེལ་བསྟོད་པའི་སྐོར་ནང་ཆོས་ངོ་སྤྲོད་དབུ་བཙུགས་གནང་ཡོད་པ་དེ་ནི། ན་གཞོན་ཚོར་ད་བར་ནང་ཆོས་ངོ་སྤྲོད་གནང་བ་ཐེངས་དྲུག་པ་ཡིན་པ་རེད།

ད་རེས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཉིན་གསུམ་རིང་ནང་ཆོས་ངོ་སྤྲོད་གནང་རྒྱུ་དང༌། རྒྱ་གར་གྱི་ས་གནས་ཁག་༢༩ དང་མཐོ་སློབ་ཁག་༨༢ ནས་སློབ་མ་ཁྱོན་གསུམ་སྟོང་ལྷག་བཅར་ཡོད་པ་རེད། དེ་རིང་ཉིན་དང་པོའི་སྔ་དྲོའི་ནང་ཆོས་ངོ་སྤྲོད་མ་མཛད་གོང་ལ་བཀའ་སློབ་ཕེབས་དོན་ནང༌། འཛམ་གླིང་དེའི་ནང་མི་རིགས་གང་ཞིག་ཡིན་རུང་ཤེས་བྱ་ཡོན་ཏན་ཇི་ཙམ་བྱུང་བ་དེའི་ཚོད་ཀྱིས་ལུང་པ་ཡར་རྒྱས་ཕྱིན་ཡོད་པ་ཧ་ཅང་གསལ་པོ་ཡིན་ཞིང༌། དེ་ལྟ་བུའི་ཡར་རྒྱས་ཀྱི་ནུས་པ་དེ་ནི་མི་སྒེར་སོ་སོའི་ནུས་པ་འདོན་དགོས་པ་དང༌། ནུས་པ་འདོན་པར་ཡང་བསམ་བློ་དང༌དམིགས་ཡུལ་ངེས་ཅན་ཡོད་དགོས་པ་མ་ཟད། དམིགས་ཡུལ་དེ་སྒྲུབ་ཐབས་ཀྱང་ཤེས་པའི་ཐོག་ནས་ལུང་པ་ཡར་རྒྱས་སུ་འགྲོ་བ་ཡིན། ཕྱི་ལོ་༡༩༥༠/༦༠ ནང་རྒྱ་ནག་གུང་ཁྲན་ཏང་གིས་བོད་པ་ཚོ་ལྐུགས་པ་རེད་བཤད་པ་ཇི་བཞིན། ད་ལྟའི་རྒྱ་མིའི་ནང་ལའང་བོད་པ་རྗེས་ལུས་དང༌། ལྐུགས་པ། ཆོས་ཁོ་ན་བྱས་ནས་སྡོད་མཁན་གྱི་གང་ཡང་མི་ཤེས་མཁན་ཞིག་ཡིན་པ་ཤོད་མཁན་ཡོད། འོན་ཀྱང་ད་ལྟ་དུས་རབས་གསར་པར་སླེབས་ཡོད་པས། དེང་སྐབས་འཛམ་གླིང་དེའི་ནང་རྣམ་དཔྱོད་རྩེར་སོན་པའི་ཚན་རིག་པ་ཚོས་ཞིབ་འཇུག་བྱེད་ཡུལ་ནང་དུ་བོད་ཀྱི་ནང་ཆོས་ནང་གི་སེམས་ཀྱི་རྣམ་གཞག་དང་ལྟ་གྲུབ་ལ་དོ་སྣང་བྱེད་ཀྱི་ཡོད། ངོས་ནས་དུས་རྟག་ཏུ་ནང་པ་ཚང་མ་དུས་རབས་༢༡ པའི་ནང་པ་བྱེད་དགོས་པ་ཤོད་ཀྱི་ཡོད་པ་དེའི་རྒྱུ་མཚན་ནི། ནང་པའི་ལྟ་གྲུབ་དང་ནང་ཆོས་ཤེས་པའི་ཐོག་ནས་ནང་པའི་ཆོས་ལ་དད་པ་བྱེད་དགོས་རེད་མ་གཏོགས་ནང་ཆོས་རྩ་ནས་མ་ཤེས་པར་དད་པ་བྱས་ན་སྙིང་པོ་མེད། ནང་ཆོས་ལ་ལྟ་གྲུབ་ཀྱི་སྐོར་དང་ཉམས་ལེན་བྱེད་ཕྱོགས་གཉིས་ཡོད་པའི་ནང་ནས། ཉམས་ལེན་བྱེད་ཕྱོགས་དེ་ནི་ཧ་ལམ་ཆོས་ལུགས་གཙོ་ཆེ་བ་དཔེར་ན།སྙིང་རྗེ་དང་བྱམས་པ། བཟོད་པ། ཆོག་ཤེས་བྱ་རྒྱུ། རང་ཁྲིམས་སྲུང་རྒྱུ་ཚང་མ་གཅིག་པ་ཡིན་པ་དང༌། ནང་པའི་ལྟ་གྲུབ་ཕལ་ཆེར་རྒྱ་ཆེ་ཤོས་རེད་ཅེས་ཤོད་ཀྱི་ཡོད་ཀྱང་ལྟ་གྲུབ་རྒྱ་ཆེན་པོ་ཡིན་པའི་རྒྱུ་མཚན་བྱས་ཏེ། ནང་པའི་ཆོས་དེ་འཛམ་གླིང་གི་ཆོས་ལུགས་ཚང་མའི་ནང་ནས་ཡག་ཤོས་རེད་ཅེས་ནམ་ཡང་བརྗོད་ཀྱི་མེད་ཅེས་བཀའ་སློབ་ཕེབས་པའི་རྗེས། སློབ་མ་རྣམ་ལ་ནང་ཆོས་དངོས་གཞི་ངོ་སྤྲོད་མཛད་པ་དང༌། སློབ་མ་ཚོའི་ངོས་ནས་བཀའ་འདྲི་ཞུས་པ་ཁག་ལ་བཀའ་ལན་སྕལ་བ་བཅས་དེ་རིང་སྔ་དྲོའི་ནང་ཆོས་ངོ་སྤྲོད་ཀྱི་མཛད་འཆར་གྲུབ་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎