བོད་མིར་གདུང་སེམས་མཉམ་བསྐྱེད་ཀྱི་རྒྱལ་སྤྱིའི་ལས་འགུལ།

བོད་མི་ཚོར་གདུང་སེམས་མཉམ་བསྐྱེད་ཀྱི་ཆེད་དུ་ཕྱི་ཟླ་དྲུག་པའི་ཚེས་༢༠ཉིན་དུས་གཅིག་ལ་རྒྱལ་སྤྱིའི་ནང་ལས་འགུལ་སྤེལ་རྒྱུའི་འཆར་གཞི།

2012.06.12

༄༅༎རྒྱལ་སྤྱིའི་ཁྱོན་ཡོངས་སུ་ཡོད་པའི་བོད་དོན་ཐོག་ལ་རྒྱབ་སྐྱོར་གནང་མཁན་གྲོས་ཚོགས་ཀྱི་ཚོགས་པ་ཡོངས་ཀྱིས་ད་ལྟའི་བོད་ནང་གི་གནས་སྟངས་ཛ་དྲག་ཏུ་འགྲོ་བཞིན་པར་བརྟེན་བོད་མི་ཚོར་གདུང་སེམས་མཉམ་བསྐྱེད་ཀྱི་ཆེད་དུ་ཕྱི་ཟླ་དྲུག་པའི་ཚེས་༢༠ ཉིན་དུས་གཅིག་ལ་རྒྱལ་སྤྱིའི་ནང་ལས་འགུལ་སྤེལ་རྒྱུའི་འཆར་གཞི་ཡོད་པ་རེད།

བོད་ནང་གི་བོད་མི་ཚོར་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་སྤེལ་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ་མཁན་ནི། རྒྱལ་སྤྱིའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་གྱི་ལས་དོན་འབྲེལ་མཐུད་གནང་མཁན་ཚོགས་པ་དེ་ཡིན་ཞིང༌། ཚོགས་པ་དེའི་ཚོགས་མའི་ཁོངས་སུ་ཡོ་རོབ་གྲོས་ཚོགས་དང༌། ལྷོ་ཨ་ཕེ་རི་ཀ། ཨའེ་སི་ལེནདྲ། ཀེམ་སྦོ་ཌི་ཡ། ཁེ་ན་ཌ། ཨོསི་ཀྲོ་ལི་ཡ། རྒྱ་གར་གྲོས་ཚོགས་བཅས་ཀྱི་འཐུས་མི་ལས་གྲུབ་པ་ཞིག་ཡིན་ཞིང༌། རྒྱལ་སྤྱིའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་ཚོགས་པ་དེ་ཡིས། ཉེ་ཆར་ཕྱི་ཟླ་བཞི་པའི་ཚེས་༢༧ ནས་༢༩ བར་ཁེ་ན་ཌའི་རྒྱལ་ས་ཨོ་ཊ་ལྦ་དུ་རྒྱལ་སྤྱིའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་དྲུག་པ་དེ་གོ་སྒྲིག་གནང་མཁན་དེ་ཡིན་པ་རེད། ད་དུང་རྒྱལ་སྤྱིའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལས་དོན་འབྲེལ་མཐུད་ཚོགས་པ་དེ་ཡིས། བོད་དོན་རྒྱབ་སྐྱོར་གནང་མཁན་གྱི་གྲོས་ཚོགས་ཀྱི་ཚོགས་པ་ཚོས་སོ་སོའི་གཞུང་ལ། རྒྱ་ནག་གི་དཔོན་རིགས་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལྷན་དུ་བོད་མི་ཚོར་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཅིག་འཐོབ་པའི་ཆེད་དུ་ཁ་ཞེ་གཉིས་མེད་ཀྱི་གྲོས་མོལ་ཡོང་ཐབས་ཐད་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་བརྒྱུད་སྐུལ་བྱ་དགོས་པ་མ་ཟད། ད་དུང་རྒྱལ་ཁབ་སོ་སོའི་གཞུང་གིས། རྒྱ་ནག་དང་ཚོང་འབྲེལ་སོགས་ཀྱི་འབྲེལ་ལམ་བཙུགས་པའི་སྐབས། ངེས་པར་དུ་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱ་དགོས་པ་སོགས་ཀྱི་ཆ་རྐྱེན་ཁག་བཏོན་དགོས་པ་དང༌། ལྷག་དོན་རིང་མིན་ཕྱི་ཟླ་དྲུག་པའི་ཚེས་༡༨ ཉིན་སུད་སི་གྲོང་ཁྱེར་ཇི་ནི་ལྦ་དུ་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ཐེངས་༢༠ པ་སྐོང་ཚོགས་གནང་གི་ཡོད་པ། དེའི་སྐབས་རྒྱལ་ཁབ་སོ་སོའི་གཞུང་གི་ཐོག་ནས་བོད་ནང་དུ་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བའི་བྱ་སྤྱོད་ཐེར་འདོན་བྱ་རྒྱུར་བརྒྱུད་སྐུལ་བྱ་དགོས་པ་སོགས་འབོད་སྐུལ་ཞུས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎