སྐུའི་གཅེན་པོ་རྒྱ་ལོ་དོན་གྲུབ་མཆོག་ལ་བཅའ་དྲི་ཞུས་སྐོར།
2009.02.20
༄༅༎བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་གཅེན་པོ་སྐུ་ངོ་རྒྱ་ལོ་དོན་གྲུབ་མཆོག་ལ་ཨ་མི་རི་ཀའི་ཚོང་ལས་གསར་ཤོག་ལྦོལ་སི་རིཏ་ཇར་ནེལ་ཞེས་པས་བཅར་འདྲི་དང་ལེན་གནང་བའི་གནས་ཚུལ་ཞིག་དེ་རིང་འགྲེམས་སྤེལ་བྱས་པའི་ནང་སྐུ་ངོ་མཆོག་གིས་དེ་སྔ་རྒྱ་ནག་དམར་པོའི་བཙན་འཛུལ་ལ་ཁ་གཏད་གདོང་ལེན་བྱེད་མཁན་གྱི་གསང་བའི་དྲག་པོའི་སྒྲིག་འཛུགས་གསར་འཛུགས་གནང་བ་དང་ཕྱི་ལོ་༡༩༧༩ནས་རྒྱ་ནག་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་འབྲེལ་ལམ་གྱི་མགྲིན་ཚབ་པ་ཞིག་གནང་སྟེ་བོད་རྒྱ་དཀའ་རྙོག་སེལ་ཐབས་ཀྱི་ཕྱག་ལས་གནང་བའི་གནས་ཚུལ་གསུང་ཡོད་པ་རེད།
དེ་ཡང་ཁོང་གིས་དེ་སྔ་ཨ་མི་རི་ཀའི་གསང་བའི་ལས་ཁུངས་ལ་དྲག་པོའི་རོགས་རམ་ཞུས་མེད་པར་བོད་ལ་ཆབ་སྲིད་ཀྱི་རོགས་རམ་ཡོང་བའི་སྐྱབས་འཇུག་ཞུས་ཏེ་བོད་ཀྱི་གནས་སྟངས་དེ་ནི་རྒྱལ་སྤྱིའི་གནད་དོན་དུ་འགྱུར་ཐབས་འབད་བརྩོན་བྱས་པ་ཡིན་ཡང་སྐབས་དེར་ཨ་རིའི་གསང་བའི་ལས་ཁུངས་ཀྱིས་བོད་དེ་རང་བཙན་གྱི་རྒྱལ་ཁབ་ཡིན་པ་རོགས་རམ་བྱ་རྒྱུའི་ཁས་ལེན་བྱས་ཀྱང་དེ་ཡང་དོན་དངོས་ཁས་ལེན་བྱས་པ་ལག་བསྟར་འཁྱོལ་མེད་པའི་སྐོར་གསུང་ཡོད་ཅིང་དེ་ནས་ཕྱི་ལོ་༡༩༧༩ལོར་སྐུ་ངོ་ཧོང་ཀོང་དུ་བཞུགས་པའི་སྐབས་རྒྱ་ནག་གི་འགོ་ཁྲིད་འདས་པོ་ཏིང་ཞའུ་ཕིང་གིས་གདན་ཞུ་འབྱོར་བའི་རྗེས་ཁོང་རྒྱ་ནག་ཏུ་ཕེབས་རྒྱུར་སྔོན་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་འདྲི་དགོངས་སྐོར་ཞུ་དགོས་པའི་ཆ་རྐྱེན་བཏོན་པ་དང་༸གོང་ས་མཆོག་གིས་ཁྱེད་རང་སྒེར་གྱི་ཐོག་ནས་རྒྱ་ནག་ཏུ་བསྐྱོད་དེ་རྒྱ་ནག་གི་འགོ་ཁྲིད་ཚོས་ག་རེ་ཤོད་ཀྱི་ཡོད་མེད་སྐོར་ཆ་ཉན་དགོས་པའི་བཀའ་སློབ་ཕེབས་པའི་རྗེས་རྒྱ་ནག་ཏུ་ཕེབས་ཏེ་ཏིང་ཞའུ་ཕིང་དང་མཇལ་འཕྲད་བྱུང་བ་དང་སྐབས་དེར་ཏིང་ཞའུ་ཕིང་གིས་ཁོང་ལ་དེ་སྔ་འདས་ཟིན་པའི་གནས་ཚུལ་ནི་འདས་ཟིན་པ་ཞིག་ཡིན་ཞིང་བོད་རང་བཙན་མ་ཡིན་པའི་གནད་དོན་གང་ཡིན་རུང་གྲོས་མོལ་བྱེད་ཆོག་གི་རེད་ཅེས་གསུང་པའི་སྐོར་འགྲེལ་བརྗོད་གནང་ཡོད་པ་རེད།