རྒྱལ་སྤྱིའི་ཕ་སྐད་ཀྱི་ཉིན་མོ་དང་བསྟུན་བོད་མི་ཚོས་བོད་སྐད་ཡིག་སྲུང་སྐྱོབ་ཀྱི་ཐབས་ལམ་འདྲ་མིན་བསྟེན་བཞིན་པ།

2025.02.20
རྒྱལ་སྤྱིའི་ཕ་སྐད་ཀྱི་ཉིན་མོ་དང་བསྟུན་བོད་མི་ཚོས་བོད་སྐད་ཡིག་སྲུང་སྐྱོབ་ཀྱི་ཐབས་ལམ་འདྲ་མིན་བསྟེན་བཞིན་པ། བོད་ཕྲུག་རྣམས་ནས་བོད་ཡིག་གི་དཔེ་དེབ་ཀློག་བཞིན་པ། ཟླ་ཚེས་མི་གསལ།
CTA

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཏན་འབེབས་གཞིར་བཟུང་། ལོ་རེ་བཞིན་ཟླ་ ༢ ཚེས་ ༢༡ ཉིན་རྒྱལ་སྤྱིའི་ཕ་སྐད་ཀྱི་ཉིན་མོར་སྲུང་བརྩི་གནང་སྲོལ་ཡོད་པ་དང་། རྒྱ་ནག་གཞུང་གིས་བོད་ནང་བོད་ཀྱི་སྐད་ཡིག་རིག་གཞུང་རྩ་མེད་ཀྱི་སྲིད་ཇུས་ལག་བསྟར་བྱེད་བཞིན་པའི་རྐྱེན་གྱིས། བོད་མི་ཚོས་བཙན་བྱོལ་ནང་དུ་རྣམ་པ་དང་ཐབས་ལམ་འདྲ་མིན་གྱི་སྒོ་ནས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་གནང་ཡོད་པ་མ་ཟད། ད་ལྟའང་དུས་རབས་ཀྱི་འགྱུར་བ་དང་བསྟུན་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཐབས་ལམ་སྣ་ཚོགས་སྟེང་ཚོད་ལྟ་དང་ལག་ལེན་བསྟར་གནང་གི་ཡོད་ཅིང་། རྒྱ་གར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་འཇམ་དབྱངས་ཤེས་ཡོན་ཞབས་ཞུ་ཁང་གི་སློབ་གསོ་རིག་པའི་འབུམ་རམས་པ་སྐལ་བཟང་དབང་འདུས་ལགས་ནས། ལྟེ་གནང་ཁང་དེས་བོད་ཀྱི་སྐད་ཡིག་འཛིན་སྐྱོང་སྤེལ་གསུམ་ཐད་ཤུགས་སྣོན་གཙོ་བོ་ནི། བྱིས་སྒྲུང་དང་བྱིས་པའི་རྩོམ་རིག་བོད་ཡིག་ནང་ཇེ་ཕྱུག་ཏུ་བཏང་སྟེ། བོད་ཕྲུག་ཚོར་བོད་ཡིག་སྦྱོང་བའི་མཐུན་རྐྱེན་སྦྱར་ཏེ་ཕྲུ་གུ་ཚོར་དཔེ་ཀློག་དང་སྒྲུང་བཤད་པ་སོགས་ཀྱི་ལམ་ནས། ཕྲུ་གུ་རྣམས་ལ་ལོ་ཆུང་གི་སྐབས་ནས་བོད་ཡིག་གི་བག་ཆགས་འཇོག་ཐུབ་ན་རྒྱུན་བསྲིང་ནས་བོད་ཡིག་སློབ་གཉེར་དང་ཉར་ཚགས་ལ་ཕན་ཐོགས་འདུག་པས། གནད་དོན་དེ་ཚོའི་ཐོག་ལས་དོན་གནང་མུས་ཡིན་པ་འགྲེལ་བརྗོད་གནང་གི་འདུག

དེང་རབས་ཀྱི་སྤྱི་ཚོགས་སུ་སྐད་ཡིག་ཅིག་རྒྱུན་གནས་ཐུབ་པར་གཞུང་དང་མི་མང་གིས་འཚོ་བའི་ཁྲོད་བེད་སྤྱོད་རྒྱ་ཆེ་དགོས་པ་དང་། རྒྱལ་ཁབ་ཅིག་གི་རྒྱབ་སྐྱོར་དགོས་པ་ནི་ཧ་ཅང་གལ་ཆེན་ཡིན་ནའང་། བོད་ནང་ད་ལྟ་གཞུང་གི་རྒྱབ་སྐྱོར་ནི་ཛ་དྲག་དང་དཀའ་ཉེན་ཅན་དུ་འགྱུར་ཡོད་ཅིང་། ཕྱི་རྒྱལ་དུའང་འཛམ་གླིང་གི་འགྱུར་འགྲོས་དང་བོད་མི་མང་པོ་ནུབ་ཕྱོགས་སུ་གནས་སྤོས་ཀྱིས། སྐད་ཡིག་ཡར་རྒྱས་གཏོང་བའི་འདུན་པ་ཡོད་ཀྱང་ཁོར་ཡུག་གི་མཐུན་རྐྱེན་བྲལ་བ་དང་རང་གིས་སྣང་མེད་དུ་ཤོར་བ་ལ་སོགས་པའི་དཀའ་ངལ་འབྱུང་སྲིད་པས། གློག་ཆས་ཀྱི་ནང་སྨོན་ལམ་བོད་ཡིག་དང་པོ་བཟོས་ནས་ལོ་ངོ་ ༢༠ ཕྱིན་ཏེ་གང་འཚམ་ཕན་ཐོགས་བྱུང་བ་དེས། ད་ལྟའི་ཆར་སྔར་དང་མི་འདྲ་བའི་མཐུན་རྐྱེན་ཞིག་ནི་མིས་བཟོས་རིག་ནུས་དང་སྤྱི་ཚོགས་དྲ་ལམ་བཅས་ཡོད་པས། དྲ་རྒྱ་དང་འཕྲུལ་ལས་བརྒྱུད་ནས་མི་ཕན་ཚུན་ཧ་ཅང་ཐག་ཉེ་བཟོས་ཡོད་པ་བེད་སྤྱོད་བཏང་ཐུབ་ཚེ། ང་ཚོ་སྔ་མོ་ནང་བཞིན་ས་ཁུལ་གཅིག་ཏུ་འདུག་མི་དགོས་པར་འཕྲུལ་ལས་ཀྱི་ནུས་པ་དང་ཁོར་ཡུག་དེ་བཀོལ་སྤྱོད་ཡག་པོ་ཐུབ་པར་བྱས་ན། སོ་སོའི་སྐད་ཡིག་གནས་ཐུབ་པའི་གནས་སྟངས་ཤིག་ཤར་ཡོད་ཅེས་སྨོན་ལམ་རིག་ནུས་བཟོ་སྐྲུན་པ་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ནས་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་གི་འདུག

ཡང་བཙན་བྱོལ་ནང་སྐྱེས་འཚར་བྱུང་བ་ལོ་ཆུང་བྱིས་པ་ཡང་བསྐྱར་སྒྲོལ་མ་ལགས་ནས། མོ་རང་ཧ་ཅང་ལོ་ཆུང་གི་སྐབས་ནས་རྩོམ་འབྲི་རྒྱུར་དོ་དབྱིངས་ཞུགས་ཏེ་རྩོམ་ཐུང་སྣ་ཚོགས་བྲིས་པར་ཕ་མས་རྒྱབ་སྐྱོར་ཡག་པོ་གནང་ཡོད་པས། ཐོག་མར་རྩོམ་ཐུང་བྲིས་པ་རྣམས་ངོ་དེབ་དུ་འགོད་སྤེལ་བྱས་པ་དང་། རིམ་པས་སྒྲུང་ཐུང་གི་དེབ་དགུ་ཐུག་དང་ཚིགས་བཅད་ཕྱོགས་བསྡེབས་ལན་བུའི་མེ་ཏོག དུང་དཀར་གཡས་འཁྱིལ། མེས་པོའི་བཀའ་དྲིན་སོགས་ད་བར་དེབ་ལྔ་བརྩམས་ཡོད་འདུག་ལ། བོད་ནང་གི་མ་འོངས་བོད་ཀྱི་སོན་རྩ་རྣམས་ཀྱིས་སོ་སོའི་རིག་གཞུང་དང་ཕ་སྐད་ལ་བདག་པོ་བསྐྱོན་འདོད་ཡོད་ཀྱང་རང་དབང་མེད་པ་དང་། ནུབ་ཕྱོགས་སུ་བཞུགས་པའི་བོད་ཕྲུག་ཚོར་ནི་བོད་ཡིག་སློབ་གཉེར་གྱི་ཁོར་ཡུག་ལྡང་ངེས་ཤིག་མེད་པ་སོགས་ཀྱིས། རྒྱ་གར་ནང་གི་བོད་ཕྲུག་ཚོས་བོད་ཡིག་དེ་སྲོག་ལྟར་ངོས་འཛིན་གྱིས་དཀའ་སྤྱད་སྡུག་རུས་ཀྱིས་སློབ་སྦྱོང་བྱ་དགོས་འདུག་ཅེས། ལོ་ཆུང་རྩོམ་པ་པོ་ཡང་བསྐྱར་སྒྲོལ་མ་ལགས་ནས་འགྲེལ་བརྗོད་གནང་གི་འདུག

རྒྱལ་སྤྱི་ཁྱོན་དུ་ལོ་རེ་བཞིན་སྐད་ཡིག་ཆུང་གྲས་དགུ་ཙམ་རེ་ཉམས་དམས་སུ་ཕྱིན་ཏེ། མི་རིགས་དང་སྐད་ཡིག་ཁྱབ་ཆེན་པོ་རྣམས་ཀྱི་ནང་འཐིམ་འགྲོ་བཞིན་པར་བརྟེན། ཕྱི་ལོ་ ༡༩༩༩ ནང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤེས་ཡོན་དང་ཚན་རིག རིག་གཞུང་སྡེ་ཚན་གྱི་ངོས་ནས་ཟླ་ ༢ ཚེས་ ༢༡ ཉིན་ནི་རྒྱལ་སྤྱིའི་ཡུམ་སྐད་དམ་ཕ་སྐད་ཀྱི་ཉི་མ་ལ་སྲུང་བརྩི་གཏན་འབེབས་གནང་བ་ལྟར། ཕྱི་ལོ་ ༢༠༠༧ ལོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་སུ་མཇུག་གནོན་གྲོས་ཆོད་བཞག་སྟེ་ཕྱི་ལོ་ ༢༠༠༨ ལོ་ནི་འཛམ་གླིང་སྐད་ཡིག་གི་ལོ་ལ་སྲུང་བརྩིའི་ལས་འགུལ་གནང་བར་བརྟེན། སྐབས་དེ་ཤེད་ནས་རྒྱལ་སྤྱིའི་ཁྲོད་དང་ལྷག་པར་སོ་སོའི་སྐད་ཡིག་ཉམས་ཆག་ཉེན་ཁའི་གནས་སུ་ལྷུང་བའི་མི་རིགས་མང་པོས་དོ་གལ་ཆེན་པོའི་སྒོ་ནས་སྐད་ཡིག་གི་དུས་དྲན་ཉིན་འདིར། སྐད་ཡིག་སྲུང་སྐྱོབ་ཀྱི་ལས་འགུལ་སྣ་ཚོགས་སྤེལ་མུས་སུ་ཡིན་པ་རེད།

གསར་འགོད་པ། བློ་བྷེ།

རྩོམ་སྒྲིག་པ། བསྟན་འཛིན་པདྨ། བསྟན་འཛིན་བསྟན་སྐྱོང་།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎