རྒྱལ་སྤྱིའི་ས་འོག་འབར་རྫས་སྔོན་འགོག་དང་གོ་རྟོགས་སྤེལ་བའི་ཉིན་མོ་དང་མཐོ་སྒང་བོད་ཀྱི་ཁོར་ཡུག

2024.04.04
རྒྱལ་སྤྱིའི་ས་འོག་འབར་རྫས་སྔོན་འགོག་དང་གོ་རྟོགས་སྤེལ་བའི་ཉིན་མོ་དང་མཐོ་སྒང་བོད་ཀྱི་ཁོར་ཡུག ཐེམ་ཆེན་རྫོང་མུ་རིའི་རྡོ་སོལ་གཏེར་ཁུལ། ༼ཟླ་ཚེས་མི་གསལ
བོད་འབྱོར། མི་སེར་གསར་འགོད་པ།

ཕྱི་ཟླ་བཞི་པའི་ཚེས་༤་ཉིན་མོ་ནི་རྒྱལ་སྤྱིའི་ས་འོག་འབར་རྫས་སྔོན་འགོག་དང་གོ་རྟོགས་སྤེལ་བའི་ཉིན་མོ་ཞེས་རྒྱལ་སྤྱིའི་ཡུལ་ལུང་གང་སར་རྣམ་པ་འདྲ་མིན་གྱི་ཐོག་ནས་སྲུང་བརྩི་ཞུ་བཞིན་ཡོད་པ་དང་། ཉིན་མོ་འདི་དང་བསྟུན་མཐོ་སྒང་བོད་ཀྱི་ཁོར་ཡུག་གི་གནད་དོན་ཐད་ཨོསི་ཊརེ་ལི་ཡའི་(Australia)་གནས་བཞུགས་བོད་ཀྱི་ཁོར་ཡུག་ཐོག་ཆེད་མཁས་པ་སྐུ་ཞབས་(Gabriel Lafitte)་ལགས་སུ་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གིས་བཅར་འདྲི་ཞུས་སྐབས། ཁོང་གིས། རྒྱ་ནག་གཞུང་གིས་བོད་ལ་བཙན་འཛུལ་དབང་བསྒྱུར་བྱས་ནས་ད་བར་དུ་མི་ལོ་༧༠ལྷག་འདས་ཟིན་པ་རེད། གལ་སྲིད། རྒྱ་ནག་གིས་བོད་ལ་ལྟ་ཞིབ་བྱས་བ་ཡིན་ན། རྒྱ་ནག་གིས་བོད་ནི་རིན་ཆེན་གཏེར་མཛོད་ཞིག་ལ་ངོས་འཛིན་དང་བོད་ནི་ས་རྒྱ་ཆེན་པོ་ཡོད་པར་ངོས་འཛིན་གྱིས་བོད་ལ་བཙན་འཛུལ་དང་དབང་བསྒྱུར་བྱས་བ་རེད། དེའི་རིང་རྒྱ་ནག་གཞུང་གིས་བོད་ནང་ནས་གཏེར་ཁ་རིགས་འདྲ་མིན་སྔོག་འདོན་དབོར་འདྲེན་བྱས་ཡོད་པ་དང་། རྒྱ་ནག་གཞུང་གིས་བོད་ནང་གི་རང་བྱུང་གཏེར་ཁ་རིགས་འདྲ་མིན་སྔོག་འདོན་གྱིས་བེད་སྤྱོད་ལོག་པར་གཏོང་བཞིན་པས་བོད་ཀྱི་མ་འོངས་པའི་ཁོར་ཡུག་གནས་བབ་ལ་ཉེན་ཁ་ཡོད་པ་གསལ་སྟོན་གནང་བྱུང་།
ད་དུང་ཁོང་གིས་མུ་མཐུད་དུ་རྒྱ་ནག་གཞུང་གིས་བོད་ནང་ནས་གཏེར་ཁ་རིགས་འདྲ་མིན་སྔོག་འདོན་སྐབས་ས་གནས་བོད་མི་མང་པོ་བེད་སྤྱོད་གཏོང་བཞིན་པ་དང་། རྒྱ་ནག་གཞུང་གིས་དགེ་སྡེ་རྫོང་ཁོངས་འབྲི་ཆུའི་རྒྱུད་དུ་ཆུ་མཛོད་གློག་འདོན་ས་ཚིགས་གསར་རྒྱག་གི་ལས་གཞི་དེ་ཡང་རྒྱ་ནག་གཞུང་གིས་བོད་ནང་ནས་གཏེར་ཁ་སྔོག་འདོན་གྱི་ལས་གཞི་དང་ཐད་ཀར་འབྲེལ་བ་ཡོད་པ་དང་། སྡེ་དགེ་ནུབ་ཕྱོགས་སུ་སྤྱི་ལེ་༢༠༠ཙམ་གྱི་སར་ཟངས་དང་གསེར་གྱི་གཏེར་ཁ་ཡོད་པ་རྒྱ་ནག་གཞུང་གིས་ལོ་ངོ་༤༠གོང་ནས་ཤེས་རྟོགས་བྱུང་ཡོད། གཏེར་ཁ་སྔོག་འདོན་བྱེད་པར་གློག་ཤུགས་ཆེན་པོ་དགོས་ཀྱི་ཡོད་དུས་དེ་ཚོ་བར་འབྲེལ་བ་ཡོད་པ་འགྲེལ་བརྗོད་གནང་བྱུང་།
དེ་འབྲེལ་ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་(Jim McGovern)་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཡིག་ཐོག་གསུངས་བའི་ནང་། རྒྱ་ནག་གཞུང་གིས་ལོ་ངོ་བཅུ་ཕྲག་མང་པོའི་རིང་བོད་མི་རྣམས་ལ་སོ་སོའི་ཆོས་ལུགས་ཉམས་སུ་ལེན་རྒྱུ་དང་། སྐད་ཡིག་དང་རིག་གཞུང་བཅས་རྒྱུན་འཛིན་གྱི་ཐོབ་ཐང་རྡོག་རོལ་བཏང་དང་གཏོང་བཞིན་པ་དང་། བོད་མིའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བཙན་བྱོལ་དུ་ཕེབས་དགོས་བྱུང་བའི་རྗེས། བོད་མི་རྣམས་ལ་སྔར་ལྷག་གི་འོས་བབ་ཡོད། ངས་བོད་མཐོ་སྒང་གི་ཁོར་ཡུག་སྲུང་སྐྱོབ་ཀྱི་ནུས་པ་ཆེ་རུ་གཏོང་བའི་ཆ་རྐྱེན་འཁོད་པའི་ཕྱི་ལོ་༢༠༢༠་ལོའི་བོད་དོན་རྒྱབ་སྐྱོར་དང་སྲིད་ཇུས་ཀྱི་ཁྲིམས་ཡིག་གཏན་འབེབས་བྱུང་པར་སྤོབས་པ་སྐྱེས་བཞིན་ཡོད་ལ། ངས་ཉེ་ཆར་རྒྱ་ནག་གཞུང་གིས་འཛུགས་སྐྲུན་གྱི་ལས་གཞི་ཡོད་ཚད་ཀྱི་ཁྲོད་དུ་ས་གནས་བོད་མིའི་བསམ་ཚུལ་ལ་བསམ་ཞིབ་བྱེད་དགོས་པའི་ཨ་མི་རི་ཀའི་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་དང་འབྲེལ་བའི་གྲོས་ཆོད་ཨང་༡༠༧༢ ངོ་སྤྲོད་བྱས་ཡོད། ངས་མུ་མཐུད་ནས་བོད་མི་ཚོར་གདུང་སེམས་མཉམ་སྐྱེས་ཡོད་ཞེས་བྲིས་གནང་འདུག
ཡང་བཞུགས་སྒར་རྡ་རམ་ས་ལར་ཡོད་པའི་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་དོན་གྲུབ་དབང་མོ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། རྒྱ་ནག་གཞུང་གིས་བོད་ནང་ནས་གཏེར་ཁ་སྔོག་འདོན་དང་ཆུ་མཛོད་གློག་འདོན་ས་ཚིགས་སོགས་གསར་རྒྱག་གི་ལས་གཞིའི་སྐབས་རྒྱ་ནག་གཞུག་གིས་ས་གནས་བོད་མི་རྣམས་དང་གོ་བསྡུར་དང་ཁོང་ཚོར་མོས་མཐུན་ཡོད་མེད་གཟིགས་དགོས་བ་མ་ཟད། གནད་དོན་དེ་འདྲའི་སྐབས་ས་གནས་བོད་མི་རྣམས་ལ་བསམ་ཚུལ་བརྗོད་པའི་ཐོབ་ཐང་ངེས་དུ་སྤྲོད་དགོས་པ་གསུངས་བྱུང་།
རྒྱལ་སྤྱིའི་ས་འོག་འབར་རྫས་སྔོན་འགོག་དང་གོ་རྟོགས་སྤེལ་བའི་ཉིན་མོ་ནི། ཕྱི་ལོ་༡༩༨༠ལོར་རྒྱ་གྲམ་དམར་པོ་ཚོགས་པས་ས་འོག་འབར་རྫས་སྦས་རྒྱུ་དེ་ནི་ཉེན་ཁ་ཧ་ཅང་ཆེན་པོ་ཡིན་ལུགས་གསུངས་པ་དང་འབྲེལ་གནད་དོན་དེ་བཞིན་མང་ཚོགས་ལ་གོ་རྟོགས་སྤེལ་རྒྱུ་གལ་ཆེན་པོ་ཡིན་ལུགས་ནན་བརྗོད་གནང་བ་དང་། གཞན་ཡང་ཚོགས་པ་དང་སྒེར་སོ་སོས་ལས་འགུལ་རིམ་པ་སྤེལ་བར་བརྟེན་ཕྱི་ལོ་༢༠༠༥ལོར་རྒྱལ་སྤྱིའི་ཁྱོན་ཡོངས་སུ་སྲུང་བརྩི་དང་གོ་རྟོགས་སྤེལ་རྒྱུར་དམིགས་བསལ་གསལ་བསྒྲགས་གནང་བ་ཞིག་ཡིན་པ་རེད།
སྤྱིར་བཏང་(Landmine)་ཞེས་པ་འདི་ནི། ས་འོག་ཏུ་སྦས་པའི་འབར་རྫས་ལ་ཟེར་གྱི་ཡོད་པ་དང་། དེ་ནི་དམག་འཁྲུག་སྐབས་དང་། འཁོན་འཁྲུག་རིགས་ཀྱི་སྐབས་སུ་རང་གི་དགྲ་བོའི་མོ་ཀྲ་དང་མི་འགྲུལ་བཞུད་བྱེད་ཡུལ་ཁག་ལ་སྦས་ནས་བཞག་པ་དང་། དེའི་སྟེང་འགྲུལ་བཞུད་བྱས་པའི་སྐབས་འབར་རྫས་གས་འཐོར་ཁྲོད་རྐྱེན་ལམ་དུ་གཏོང་ཐུབ་པའི་ནུས་པ་ཡོད་པ་ཞིག་ཡིན་འདུག འོན་ཀྱང་འདིའི་རིགས་ཆེད་ལས་པས་སྔོན་ཚུད་ནས་ཤེས་རྟོགས་བྱུང་བ་ཡིན་ན་འཕྲུལ་རིགས་ཀྱི་ཐོག་ནས་མེད་པ་བཟོ་ཐུབ་པའི་ཆ་རྐྱེན་ཡང་ཡོད་པ་ཞིག་ཡིན་པ་རེད།
རྒྱལ་སྤྱིའི་ས་འོག་འབར་རྫས་སྔོན་འགོག་དང་གོ་རྟོགས་སྤེལ་བའི་ཉིན་མོར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལོ་ལྟར་འཆར་ཅན་བརྗོད་གཞི་རེ་འབོད་སྒྲར་བཟུང་ནས་ལས་འགུལ་སྤེལ་གྱི་ཡོད་པ་ལྟར་ད་ལོ་ཕྱི་ལོ་༢༠༢༤ལོར་(Protecting Lives Building Peace)་ཞེས་ཞི་བདེ་བསྐྲུན་ཏེ་སྲོག་སྐྱོབ་ཞེས་པའི་བརྗོད་གཞིའི་ཐོག་ནས་སྲུང་བརྩི་ཞུ་བཞིན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་མཆོག་གི་མཚན་ཐོག་ཉིན་མོ་འདིར་གསུང་འཕྲིན་ཞིག་གནང་ཡོད་པ་དེའི་ནང་། དམག་འཁྲུག་མཚམས་བཞག་པ་ཡིན་ནའང་དེའི་རྗེས་སུ་འབར་རྫས་སྦས་ཡུལ་ས་ཁུལ་དེ་དག་ནས་གས་འཐོར་འོག་མིའི་ཚེ་སྲོག་མུ་མཐུད་ནས་ཤོར་གྱི་ཡོད་པ་ནི་བློ་ཡུལ་ལས་འདས་པའི་སེམས་ཚབས་སྐྱེས་གཞི་ཞིག་རེད་ལ། དེས་སྤྱི་ཚོགས་ཀྱི་བདེ་འཇགས་ལའང་གནོད་སྐྱོན་གཏོང་གི་ཡོད་རེད་། དེ་འདྲ་ཡིན་དུས་རྒྱལ་ཚོགས་ཀྱི་འབྲེལ་ཡོད་ཚོག་སྡེ་ཁག་དང་མཉམ་སྦྲེལ་གྱི་ཐོག་ནས་དཀའ་ངལ་ལ་གདོང་ལེན་བྱེད་ཀྱི་རེད། དེར་གཞིགས་པས་རྒྱལ་ཁབ་སོ་སོའི་ངོས་ནས་ཉེན་ཚབས་ཆེ་བའི་འབར་རྫས་འདི་རིགས་བེད་སྤྱོད་མི་གཏོང་བའི་ལས་འགུལ་ཐོག་འཕྱར་གྲུ་མཉམ་འདེགས་བྱེད་དགོས་རྒྱུ་གལ་ཆེན་པོ་རེད་ཅེས་འབོད་སྐུལ་གནང་འདུག
སྤྱིར་ཕྱི་ཟླ་བཞི་པའི་ཚེས་བཞི་ཉིན་རྒྱལ་སྤྱིའི་ས་འོག་འབར་རྫས་སྔོན་འགོག་དང་གོ་རྟོགས་སྤེལ་བའི་ཉིན་མོ་ཞེས་སྲུང་བརྩི་ཞུ་བཞིན་ཡོད་ཀྱང་། འབར་རྫས་གཅིག་པུ་མ་ཡིན་པར་གཏེར་ཁ་སྔོག་འདོན་བྱས་པའི་སྐབས་སུའང་འབར་རྫས་བེད་སྤྱོད་བྱས་ནས་རི་གཏོར་བ་སོགས་ཀྱིས་དེའི་ཁུལ་གནས་སྡོད་བྱེད་མཁན་གྱི་མང་ཚོགས་དང་། ཁོར་ཡུག་སོགས་ལའང་གནོད་སྐྱོན་ཚབས་ཆེ་ཕོག་གི་ཡོད་པ་རེད། དཔེར་ན་། བོད་མཐོ་སྒང་ཁུལ་དུ་རྒྱ་ནག་གི་ལྕགས་རིགས་གཏེར་ཁ་སྔོག་འདོན་བྱེད་མཁན་གྱི་བཟོ་ལས་ཚན་པ་ཆེ་ཤོས་གྲས་(Zijin Mining Company)་ཞེས་པར་བོད་ཀྱི་ས་ཁུལ་འགའ་ཤས་སུ་གཏེར་ཁ་སྔོག་འདོན་གྱི་ལས་གཞི་གཉེར་ཆོག་པའི་ཆོག་མཆན་སྤྲད་ཡོད་པ་དང་། སྔ་ལོའི་ཕྱི་ཟླ་ལྔ་པའི་ཚེས་བཅུ་བཞི་ཉིན་བོད་ཀྱི་ལྷ་སའི་ཉེ་འཁྲིས་སུ་ཆགས་པའི་མལ་གྲོ་གོང་དཀར་གྱི་རྒྱ་མ་གྲོང་བརྡལ་དུ་གོང་ཞུས་ཚན་པ་དང་ཟུང་སྦྲེལ་གྱིས་ཟངས་ཀྱི་གཏེར་ཁ་བསྔོགས་འདོན་བྱེད་མཁན་ཇུ་ལིང་ཞེས་པའི་ཚན་པ་དེའི་ལས་མི་དྲུག་ཙམ་ས་འོག་མནན་ནས་གར་སོང་ཆ་མེད་དུ་གྱུར་རྗེས་མཐར་ལས་ཀ་མཚམས་འཇོག་བྱེད་དགོས་བྱུང་ཡོད་པ་རེད། འོན་ཀྱང་ལས་མི་དེ་དག་བོད་མི་ཡིན་མིན་ཤེས་རྟོགས་བྱུང་མེད་པ་རེད།
དེ་དང་ཕྱོགས་མཚུངས་བོད་ཀྱི་ས་ཁུལ་མང་པོའི་ནང་རྒྱ་ནག་གཞུང་དང་འབྲེལ་བའི་ཁེ་གཉེར་ལས་ཁང་ཁག་གིས་གཏེར་ཁ་སྔོག་འདོན་བྱེད་བཞིན་པ་དེས་བོད་ཀྱི་ཆུ་བོ་དང་། ཁོར་ཡུག གཏེར་ཁ་སྔོག་འདོན་བྱེད་རྒྱུའི་ཆེད་ས་གནས་གཞན་དུ་གཞིས་སྤོས་བྱེད་རྒྱུར་བཙན་བཀའ་བཏང་བ་སོགས་མང་ཚོགས་ཀྱི་འཚོ་བའི་རྟེན་གཞིར་གནོད་སྐྱོན་དང་དོ་ཕོག་ཆེན་པོ་ཐེབས་ཀྱི་ཡོད་པ་རེད།


གསར་འགོད་པ། བསྟན་འཛིན་བདེ་སྐྱིད། རིག་འཛིན་ཆོས་སྒྲོན། ཀླུ་འབུམ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ། ནོར་སྡེ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎