རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་གྱི་ཚོགས་ཆེན།

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཚོགས་ཆེན་དབུ་འཛུགས་བསྐྱངས་གནང་མཛད་ཡོད་པ།

2010.10.20

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཚོགས་ཆེན་དབུ་འཛུགས་བསྐྱངས་གནང་མཛད་ཡོད་པ་རེད་ ཕྱི་ཟླ་བཅུ་པའི་ཚེས་༡༩ཉིན་གྱི་སྔ་དྲོ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་མངའ་སྡེ་ཇོར་ཇེ་ཡའི་ནང་ཡོད་པའི་ཨེ་མོ་རི་གཙུག་ལག་སློབ་གྲའི་ཚོགས་ཁང་དུ་རྒྱལསྤྱིའི་བོད་བརྒྱུད་ནང་བསྟན་ལྷན་ཚོགས་ཀྱི་ཚོགས་ཆེན་དུ་ཆིབས་སྒྱུར་བསྐྱངས་ཏེ་བཀའ་སློབ་སྩལ་ཡོད་ཅིང་ ༧གོང་ས་མཆོག་ནས་ངོས་ལ་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ལྷན་ཚོགས་ཀྱི་ཚོགས་ཆེན་དེ་འགོ་འཛུགས་བྱ་རྒྱུའི་གོ་སྐབས་ཐོབ་པར་ཆེ་ཐོང་ཐོབ་བྱུང་ ཕྱི་ལོ་༡༩༥༩ལོར་བོད་ནང་དོན་རྐྱེན་བྱུང་རྗེ་བླ་མ་དང་དགེ་བཤེས་མཁས་དབང་  ནང་ཆོས་ཉམས་ལེན་པའི་མཁས་དབང་ ནང་ཆོས་ལ་དོན་གཉེར་ཆེ་བའི་སློབ་མ་མང་པོ་ཞིག་བྲོས་བྱོལ་དུ་ཕེབས་པ་དེ་བསོད་ནམས་ཤིག་རེད་  བོད་ཀྱི་སངས་རྒྱས་པའི་ཆོས་དེ་གནའ་བོའོ་རིག་གཞུང་ཙམ་མིན་པར་དེང་སང་འཛམ་གླིང་སྤྱི་ཚོགས་ནང་འབྲེལ་བ་ཆེན་པོ་ཡོད་ དེར་བརྟེན་འདས་པའི་ལོ་༥༡རིང་བོད་ཀྱི་སངས་རྒྱས་པའི་ཆོས་དེ་སྲུང་སྐྱོབ་བྱེད་རྒྱུར་འབད་བརྩོན་ཆེན་པོ་བྱས་ཡོད་པ་བཀའ་སྩལ་བ་དང་ཕྱོགས་མཚུངས་  ༧གོང་ས་མཆོག་ནས་༡༩༦༠དང་༡༩༧༠ནང་བོད་ཀྱི་ནང་ཆོས་སློབ་གནང་མཁན་བླ་མ་དགེ་བཤེས་འགའ་ཤས་ནུབ་ཕྱོགས་སུ་ཕེབས་ཏེ་ཆོས་ཚོགས་བཙུགས་ཡོད་ འོན་ཀྱང་སོ་སོའི་ཕ་མེས་ཀྱི་ཆོས་ལུགས་མ་དོར་བ་བྱེད་རྒྱུའི་ང་ཚོའི་གཞི་རྩའི་བསམ་བློར་འགྱུར་བ་མེད་

དེར་བརྟེན་ཕ་མེས་ཀྱི་ཆོས་ལུགས་གང་ཡིན་པ་དེའི་རྗེས་སུ་འཇུག་རྒྱུ་དེ་བརྟན་ཤོས་ཡིན་ ཡིན་ནའི་མི་འགའ་རེར་རང་གི་ཕ་མེས་ཀྱི་ཆོས་ལུགས་དེ་ལས་ནང་ཆོས་དེ་རན་པ་ཞིག་དང་འོས་ཤིང་འཚམས་པ་མཐོང་སྲིད་ དེ་གནས་ཚུལ་ཐ་དད་རེད་ཅེས་བཀའ་སྩལ་གནང་བ་དང་སྦྲགས་༧གོང་ས་མཆོག་ནས་བོད་ཀྱི་གནད་དོན་དང་འབྲེལ་བའི་ཐོག་བཀའ་སྩལ་དོན་  བོད་ཀྱི་གནས་སྟངས་དེ་ཕྱོགས་གཅིག་ནས་བློ་ཕམ་པོ་ཞིག་ཡིན་ འོན་ཀྱང་ཕྱོགས་གཞན་ཞིག་ནས་བརྗོད་ན་ སྔར་མེད་པའི་གོ་སྐབས་ཤིག་ཀྱང་ཡིན་པ་དང་  སྤྱིར་ཆོས་ལུགས་འདྲ་མིན་དབར་འཆམ་མཐུན་ཡོང་རྒྱུར་འབད་བརྩོན་བྱེད་བཞིན་ཡོད་ནའང་ ནང་པ་སངས་རྒྱས་པའི་ཆོས་ལུགས་ནང་ཕན་ཚུན་འཆམ་མཐུན་ཡོང་རྒྱུར་འབད་བརྩོན་འདང་ངེས་ཤེས་བྱུང་མེད་ཅིང་ བོད་པར་ཆ་བཞག་ན་མཚམས་རེ་ཆོས་ལུགས་སོ་སོའི་རིང་ལུགས་དེར་རྩ་ཆེར་འཛིན་ཏེ་ཚང་མ་སངས་རྒྱས་པའི་ཆོས་ལུགས་ཀྱི་རྗེས་འབྲང་གཅིག་པ་ཡིན་བསམ་པའི་འདུ་ཤེས་དེ་ཙམ་ཤུགས་ཆེ་བ་སླེབས་ཐུབ་ཀྱི་མེད་ཅེས་བཀའ་སྩལ་བ་དང་ཕྱོགས་ཚུངས་ ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ ཚོགས་བཅར་བ་རྣམས་ལ་ནང་པའི་ཆོས་ཚོགས་དར་འཕེལ་ཆེ་རུ་འགྲོ་བཞིན་ཡོད་པར་བརྟེན་མིའི་གྲངས་འབོར་ཡང་འཕེལརྒྱུ་ཡིན་པས་ རང་བཞིན་གྱི་ལྐོག་ཟ་རུལ་སུངས་དང་ཉམ་རྒུད་འགྲོ་རྒྱུའི་ཉེན་ཁ་ཡོང་རྒྱུར་གཟབ་ནན་བྱས་ཏེ་གནད་དོན་དེ་ཚོའི་ཐོག་བགྲོ་གླེང་གནང་དགོས་པ་དང་ དེ་ཞིན་ནང་པའི་ཆོས་ཚོགས་ཚང་མས་པལ་ན་ལེན་ཊའི་མཁས་པ་ཚོས་བརྩམས་པའི་གཞུང་ལ་ཁུངས་གཏུགས་ཏེ་ནང་ཚོས་སློབ་གཉེར་བྱ་རྒྱུ་གལ་ཆེ་ཡིན་པའི་དགོས་འདུན་བཏོན་གནང་མཛད་འདུག ཐེངས་འདིའི་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ལྷནཚོགས་དེ་བཞིན་ཕྱི་ཟླ་བཅུ་པའི་ཚེས་༡༨ནས་༢༠བར་ཚོགས་ཡོད་པ་དང་ལྷནཚོགས་དེའི་ཐོགནང་ཆོས་དང་དེང་དུས་ཚན་རིག་དབར་གྱི་འབྲེལ་བ་དང་བོད་ཀྱི་ནང་ཆོས་དང་སྤྱི་ཚོགས་འབྲེལ་བ་སོགས་ནང་དོན་དྲུག་གི་ཐོག་མཁས་དབང་དང་དགེ་རྒན་་སློབ་ཕྲུག་སོགས་ཚོགས་བཅར་བ་མི་གྲངས་༣༥༠ཙམ་གྱིས་བགྲོ་གླེང་གནང་ཡོད་པ་རེད་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎